རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས།

2022.09.30
Share on WhatsApp
Share on WhatsApp
རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དམིགས་བསལ་བཅར་འདྲིའི་སྐབས། ༠༩།༣༠།༢༠༢༢
RFA / Dhasa

རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་འགྱུར་བ་མ་བཏང་བ་ཡིན་ན་ལོ་རྒྱུས་ཀྱི་ནག་ཉེས་དེ་ཞི་ཅིན་ཕིང་ལ་ཕོག་སྲིད་ཅེས་སྲིད་སྐྱོང་མཆོག་ལ་དམིགས་བསལ་བཅར་འདྲིའི་སྐབས་གསུང་བྱུང་།
རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༢༠པ་དེ་རིང་མིན་སྤྱི་ཟླ་༡༠པའི་ཚེས་༡༦ཉིན་རྒྱ་ནག་པེ་ཅིང་དུ་ཚོགས་གཏན་འཁེལ་ཡོད་པ་དང་། ཚོགས་ཆེན་དེ་དང་བསྟུན། ཞི་ཅིན་ཕིང་གིས་རང་ཉིད་སླར་ཡང་རྒྱ་ནག་གི་སྲིད་འཛིན་དུ་འདུག་ཐབས་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། འདི་ཚེས་༣༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན ཁང་གི་དམིགས་བསལ་བཅར་འདྲི་བྱས་སྐབས། ཞི་ཅིན་ཕིང་སླར་ཡང་སྲིད་འཛིན་དུ་བསྡད་པ་ཡིན་ན། བོད་ཐོག་འཛིན་པའི་སྲིད་བྱུས་དེ་མུ་མཐུད་དུ་གནས་ཀྱི་ཡོད་མིན་སྐོར་བཅར་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་དེ་འབྲེལ་གནད་དོན་ཐོག་ཁ་གསལ་ཞིག་ཞུ་རྒྱུ་ཁག་པོ་རེད། འོན་ཀྱང་། ད་བར་ཞི་ཅིན་ཕིང་གིས་སྐབས་གཉིས་རིང་རྒྱ་ནག་གི་སྲིད་འཛིན་གྱི་ལས་ཁུར་ཞུས་པའི་རིང་། ཁོང་གིས་མི་རིགས་དང་རིག་གཞུང་། སྐད་ཡིག་གཅིག་ཟེར་བའི་སྲིད་བྱུས་འོག བོད་ཚུད་པའི་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ཡོད། འབྱུང་འགྱུར་སྲིད་བྱུས་དེར་འགྱུར་བ་ཞིག་མ་བཏང་བར་མུ་མཐུད་ལག་བསྟར་བྱས་པ་་ཡིན་ན། ཞི་ཅིན་ཕིང་ལ་མི་རིགས་རྩ་མེད་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ། ཉི་ཧོང་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེ་ཕེབས་པའི་སྐབས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་དང་། དེ་བཞིན་ཁུལ་དེར་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་སོགས་གནང་བའི་རྗེས། འདི་ཚེས་༢༧ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་པ་བཞིན། སྲིད་སྐྱོང་མཆོག་ལ། ད་རེས་ཉི་ཧོང་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གང་འདྲ་བྱུང་མིན་སྐོར་དྲིས་སྐབས། སྲིད་སྐྱོང་མཆོག་གིས། ༡༩༦༥ཙམ་ནས་ཉི་ཧོང་དང་བཙན་བྱོལ་བོད་གཞུང་བར་འབྲེལ་བ་བྱུང་སྟེ། ༡༩༦༧ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལ་ཐོག་མར་ཆིབས་བསྒྱུར་གནང་ནས། ཉི་ཧོང་གཞུང་དམངས་གཉིས་དང་དམིགས་བསལ་གྱི་འབྲེལ་བ་བཙུགས་ཐུབ་པ་བྱུང་ཡོད། ད་རེས་སྲིད་སྐྱོང་ཉི་ཧོང་དུ་ཕྱོགས་བསྐྱོད་སྐབས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་༦༠ལྷག་དང་ལྷན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་བཀག་རྒྱའི་འོག་མི་མང་གི་དཀའ་ངལ་ཁག་དང་། བོད་ནང་གི་ཤེས་ཡོན་སྲིད་བྱུས། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཁྲག་རྒྱུན་རིགས་རྫས་(DNA)་བཙན་ཤེད་ཀྱིས་བསྡུ་རུབ་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གོ་བསྡུར་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་ཀྱི་སྐུ་དབང་ཆ་ཚང་༧གོང་ས་མཆོག་ཁོ་ན་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་བདག་དབང་གང་ཡང་མེད་པའི་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། ད་རེས་བཅར་འདྲིའི་སྐབས། རྒྱ་གར་གཞུང་གིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐུགས་འགན་བཞེས་དགོས་པ་གཟིགས་ཀྱི་ཡོད་དམ་ཞེས་འདྲི་སྐབས། སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་གིས་ངོས་ཀྱི་ཡང་སྲིད་དེ་རང་དབང་ལུང་པ་ཞིག་ལ་སྐྱེས་ཀྱི་རེད་ཅེས་ཡང་ཡང་གསུང་གི་ཡོད། བོད་ལ་རང་དབང་ཚད་ལྡན་ཞིག་མ་བྱུང་བར་དུ། སྐུའི་ཡང་སྲིད་དེ་རྒྱ་གར་ལྟ་བུ་རང་དབང་ལུང་པ་ཞིག་ལ་འཁྲུངས་སྲིད་པ་ཞིག་རེད། དེར་བརྟེན། རྒྱ་གར་གཞུང་གིས་ངོས་ནས་ཀྱང་དེའི་ཐོག་བསམ་བློ་གཏོང་དགོས་ངེས་ཤིག་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས་པ་མཐོང་གི་ཡོད་དང་། དེ་བཞིན་བོད་པ་ཚུད་པའི་རྒྱ་ནག་དམར་ཤོག་འོག་ཏུ་དཀའ་ངལ་འཕྲད་བཞིན་པ་ལྷོ་སོག་དང་། ཡུ་གུར་མི་རིགས། དེ་བཞིན་ཧོང་ཀོང་པ་ཙམ་མིན་པར། མཐུན་ཕྱོགས་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེ་མཐོང་གི་ཡོད་པ་མ་ཟད། ཡོ་རོབ་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་སོ་སོའི་གནས་སྟངས་ལ་གཞིགས་ཏེ། ཞུ་གཏུག་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་གྲོང་ཁྱེར་མང་པོའི་སློབ་ཆེན་བརྒྱ་ལྷག་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎