ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་མཐའ་ཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཐེ་ཝན་སྲིད་འཛིན་གྱིས།
དེ་ཡང་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱིས་ཕྱི་ཟླ་དང་པོའི་ཚེས་༢༠ རེས་གཟའ་པ་སངས་ཉིན། དཔྱིད་གསར་དུས་ཆེན་དང་ལོ་གསར་གྱི་འཚམས་འདྲིའི་གསུང་བཤད་གནང་བའི་ནང་། ཐེ་ཝན་ལ་རྒྱ་ནག་གི་དམག་དཔུང་གིས་དམག་རྩལ་སྦྱོང་བརྡར་དང་གནོན་ཤུགས་ཇི་ཙམ་སྤྲད་རུང་། ཐེ་ཝན་གྱི་དམག་དཔུང་གིས་ཐེ་ཝན་སྲུང་སྐྱོབ་བྱེད་བཞིན་པ་དེ་ཡིས་ཐེ་ཝན་གཞུང་ཞི་བདེ་སྲུང་སྐྱོབ་ངང་གནས་བཞིན་ཡོད་པ་གསུངས་ཏེ་ཐེ་ཝན་གྱི་དམག་དཔུང་ལ་དམིགས་བསལ་ཐུགས་རྗེ་ཆེ་གསུངས་ཡོད་པ་རེད།
ཐེ་ཝན་སྲིད་འཛིན་གྱི་གསུང་བཤད་བརྙན་ཐུང་ཞིག་གི་ནང་། འདི་ལོ་ཡང་ན་ནིང་དང་གཅིག་མཚུངས་ཐེ་ཝན་གྱིས་ཐོག་མཐའ་བར་གསུམ་ནས་གདོང་ལེན་བྱེད་དགོས་པ་ཆགས་རྒྱུ་ཡིན་པའི་སྐོར་གསུངས་པ་དང་། ད་དུང་རྒྱ་ནག་དམར་ཤོག་གི་དམག་གྲུ་དང་གནམ་དམག་གིས་ཡང་སེ་ཐེ་ཝན་ལ་བརྙས་བཅོས་བྱེད་པ་དང་། ཐེ་ཝན་མཚོ་འགག་གི་ཉེ་འཁོར་དུ་དམག་རྩལ་སྦྱོང་བརྡར་བྱེད་བཞིན་པའི་འཇིགས་སྐུལ་འོག་ཐེ་ཝན་གཞུང་གིས། ཐེ་ཝན་མངའ་ཁུལ་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་མཐའ་ཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དང་། ཡང་ཐེ་ཝན་དམག་དཔུང་གིས་དམག་ས་དམ་པོ་འཛིན་ཞིང་། རྒྱལ་ཁབ་བདེ་འཇགས་ཡོངས་སུ་སྲུང་སྐྱོབ་བྱས་བས། ང་ཚོའི་ཕ་ས་སྲུང་སྐྱོབ་བྱེད་མཁན་གྱི་དམག་མི་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ལོ་གསར་པ་འདིའི་ནང་ཐེ་ཝན་གཞུང་གིས། དཔལ་འབྱོར་བསྐྱར་གསོ་དང་། ཐེ་ཝན་གྱི་བདག་དབང་དང་ཞི་བདེ་སྲུང་སྐྱོབ་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་འདུག
ལྕམ་(Tsai Ing-wen)་ལགས་ཀྱིས་ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡ཉིན་ཕྱི་ལོའི་ལོ་གསར་གྱི་འཚམས་འདྲིའི་གསུང་བཤད་ནང་། རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཡོད་པས། ཐེ་ཝན་གྱི་ཕྱོགས་ནས་དགོས་མཁོའི་རོགས་རམ་བྱ་རྒྱུའི་འདུན་པ་ཡོད་ལུགས་གསུངས་བ་དང་མཉམ། རྒྱ་ནག་གཞུང་གི་དམག་དཔུང་གིས་ཐེ་ཝན་གྱི་ཉེ་འཁོར་དུ་དྲག་པོའི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་ནི་ཞི་བདེ་དང་བརྟན་ལྷིང་ལ་ཕན་ཐོགས་མེད་པའི་སྐོར་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བདག་དབང་ཡོད་ལུགས་ཤོད་བཞིན་པའི་དམངས་གཙོའི་ལམ་ལུགས་ཀྱིས་སྲིད་གཞུང་སྐྱོང་བཞིན་པའི་ཐེ་ཝན་ནང་། བར་ལམ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ལགས་ཀྱིས་དངོས་སུ་འཚམས་གཟིགས་གནང་རྗེས། ཕྱི་ཟླ་བརྒྱད་པའི་ནང་ཐེ་ཝན་གྱི་ཉེ་འཁྲིས་སུ་རྒྱ་ནག་གིས་དམག་འཁྲུགས་སློང་རྐྱེན་གྱི་དྲག་པོའི་བྱ་སྤྱོད་སྤེལ་བ་སོགས་འདས་པའི་ལོ་གསུམ་རིང་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཐོག་ལ་དམག་དོན་བྱ་སྤྱོད་ཇེ་ཆེར་གཏོང་བཞིན་པ་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།