རང་བཙན་གྱི་ལྟ་བ་ཡོད་པའི་ཐེ་ཝན་གྱི་དཔོན་རིགས་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་འདུག

2021.11.05
Share on WhatsApp
Share on WhatsApp
རང་བཙན་གྱི་ལྟ་བ་ཡོད་པའི་ཐེ་ཝན་གྱི་དཔོན་རིགས་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་འདུག ཐེ་ཝན་གྱི་རྒྱལ་སར་རྒྱལ་དར་བསྒྲེངས་འཛུགས་སྐབས། ༼ཟླ་ཚེས་མི་གསལ
Reuters

རྒྱ་ནག་གཞུང་གི་ཐེ་ཝན་ལས་དོན་ལས་ཁུངས་ཀྱི་མགྲིན་ཚབ་མ་(Zhu Fenglian)་ ཡིས། འདི་ཚེས་༥་གཟའ་པ་སངས་ཉིན་ཐེངས་དང་པོར་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཉེས་ཆད་ཇི་ལྟར་གཅོད་རྒྱུ་ཡིན་པ་ཁ་གསལ་ཕྱི་བསྒྲགས་བྱས་ནས། ཐེ་ཝན་གྱི་བློན་ཆེན་(Su Tseng-chang)་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་(You Si-kun) དེ་བཞིན་ཕྱི་སྲིད་བློན་ཆེན་(Joseph Wu)་བཅས་གསུམ་གྱིས་ལྟ་བ་མཁྲེགས་བཟུང་གིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཉེས་ཅན་པའི་ཐོ་གཞུང་ནང་བཅུག་པ་དང་། མི་སྣ་དེ་དག་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་བཅས་ནང་འཛུལ་བསྐྱོད་མི་ཆོག་པའི་བཀག་སྡོམས་བྱེད་རྒྱུ་ཡིན་པ་བརྗོད་ནས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་མི་ཚེ་གང་པོར་ནག་ཉེས་ཅན་དུ་བརྩི་རྒྱུ་ཡིན་པ་བརྗོད་འདུག
ད་དུང་མིང་ཐོ་ནག་པོ་ནང་ཚུད་པའི་མི་སྣ་དེ་དག་ལ་རྒྱ་ནག་སྐམ་ས་ཆེན་པོའི་ཁེ་གཉེར་ལས་ཁང་དང་མི་སྣ་བར་འབྲེལ་བ་བྱས་ནས་ཁེ་སང་ཐོབ་འཇུག་རྒྱུ་མིན་པ་བརྗོད་འདུག དེ་མ་ཟད་མི་སྣ་དེ་དག་གི་ཐོག་ལ་རྒྱ་ནག་གཞུང་གིས་གཞན་དགོས་ངེས་གྱི་ཐབས་ལམ་ཁག་ཀྱང་ལག་བསྟར་བྱེད་རྒྱུ་ཡིན་པ་བརྗོད་འདུག
སྤྱིར་སྟངས་ཐེ་ཝན་གྱི་སྲིད་དོན་པ་ཚོས་ཁེ་གཉེར་ལས་ཁང་རྩ་ནས་མ་དངུལ་ཞལ་འདེབས་ཡོང་བའི་ཐོག་ནས་ཁོང་རྣམ་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ཐོག་འགྲོ་གྲོན་གཏོང་གི་ཡོད་པ་རེད།
རྒྱ་ནག་གི་ངོས་ནས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མཁན་ཚོར་། སོ་སོའི་མེས་པོ་རྣམས་བརྗེད་པ་དང་མེས་རྒྱལ་ཁ་བྲལ་དང་མགོ་སྐོར་བསླུ་བྲིད་བྱས་པ་བཅས་ལ་མཇུག་འབྲས་ཡག་པོ་ཞིག་ཡོང་རྒྱུ་མིན་པ་མ་ཟད། མི་མང་གིས་བརྙས་བཅོས་དང་ལོ་རྒྱུས་ནང་ནག་ཐིག་ཕོག་རྒྱུ་ཡིན་པའི་སྡིགས་ར་བསྐུལ་འདུག
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེ་ཝུན་ལགས་ཀྱིས་ཉེ་ལམ་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་བཅར་འདྲིའི་སྐབས་སུ། ཐེ་ཝན་རང་བཙན་ཡིན་པའི་ཕྱི་བསྒྲགས་བྱེད་དགོས་ཀྱི་མེད་པ་དང་ད་ལྟའི་སྐབས་སུ་ཕྱོགས་གང་ནས་བལྟས་ཀྱང་ཐེ་ཝན་རང་བཙན་རྒྱལ་ཁབ་ཞིག་རེད་ཅེས་ཐབས་མཁས་པའི་ལན་འདེབས་བྱས་ཡོད། དེ་བཞིན་ཉེ་ལམ་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གྱིས་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཐེ་ཝན་གཞུང་གིས་དམག་འཁྲུག་གི་གྲ་སྒྲིག་བྱ་རྒྱུ་རྒྱ་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།