ཨ་རིའི་མཚོ་དམག་གི་གྲུ་གཟིངས་ཞིག་གིས་ཐེ་ཝན་དང་རྒྱ་ནག་གི་མཚོ་ཁར་སྐོར་བསྐྱོད་བྱས་འདུག

2021-11-23
Share
ཨ་རིའི་མཚོ་དམག་གི་གྲུ་གཟིངས་ཞིག་གིས་ཐེ་ཝན་དང་རྒྱ་ནག་གི་མཚོ་ཁར་སྐོར་བསྐྱོད་བྱས་འདུག ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དམག་སྦྱོང་སྐབས། ༡༡།༢༡
@JMSDF

འདི་ཚེས་༢༣་ཪེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་ཞིག་གིས་ཐེ་ཝན་དང་རྒྱ་ནག་གི་མཚོ་ཁར་སྐོར་བསྐྱོད་བྱས་ཡོད་པ་དང་། དེ་ནི་སྤྱི་ཟླ་༡༡་པའི་ཚེས་༡༥་ཉིན་ཨ་མ་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཆུ་ཚོད་གསུམ་ལྷག་རིང་དྲ་ལམ་བརྒྱུད་གདོང་ཐུག་གི་ཚོགས་འདུ་ཐེངས་དང་པོ་གནང་ཡོད་པའི་རྗེས། ཨ་མི་རི་ཀའི་དམག་གྲུ་ཞིག་མངའ་ཁུལ་དེར་བསྐྱོད་པ་ཐོག་མ་ཆགས་ཀྱི་ཡོད་པ་རེད།
ཨ་མི་རི་ཀའི་དྲག་པོའི་དམག་དཔུང་གིས་ད་ཐེངས་ཐེ་ཝན་གྱི་མཚོ་ཁར་ཨ་མི་རི་ཀའི་མེ་
ཤུགས་འཕུར་མདེལ་གཏོར་རྒོལ་བྱེད་ཐུབ་ཐོགས་པའི་དམག་གྲུ་(USS Milius)་ཞེས་པ་དེ་བཏང་པ་ནི། ལོ་འདིའི་ནང་མངའ་ཁུལ་དེར་ཨ་མི་རི་ཀའི་དམག་གྲུ་ཞིག་བསྐྱོད་པ་ཐེངས་བཅུ་གཅིག་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། དེ་ཨ་མི་རི་ཀའི་ངོས་ནས་མངའ་ཁུལ་དེ་རང་དབང་ལྡན་ལ་གུ་ཡངས་ལྡན་པའི་ཐོག་བསྐྱོད་རྒྱུའི་མངའ་ཁུལ་ཞིག་ཡིན་པ་མིག་སྟོན་ཆེད་ཡིན་པ་སྤྱི་བསྒྲགས་སྤེལ་འདུག
དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ད་ཐེངས་ཨ་མི་རི་ཀའི་དམག་གྲུ་ཞིག་ཐེ་ཝན་གྱི་མཚོ་ཁར་བསྐྱོད་པ་དེ་ཆེད་མངགས་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་མེད་པ་བཟོ་རྒྱུའི་ཆེད་བྱས་པ་ཡིན་ལུགས་དང་། ཨ་མི་རི་ཀའི་ངོས་ནས་ནོར་འཁྲུལ་འདི་འཕྲལ་དུ་བཅོས་དགོས་པ་མ་ཟད། རྙོག་དྲ་བཟོ་རྒྱུ་དང་ས་ཐིག་དང་བརྒལ་རྒྱུ་སོགས་མེ་དང་རྩེད་མོ་རྩེད་རྒྱུ་དེ་མཚམས་འཇོག་བྱེད་དགོས་ཞེས་སྐྱོན་བརྗོད་བྱས་ཡོད་འདུག
ཉེ་བའི་དུས། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དེ་སྲ་བརྟན་བཟོ་ཐབས་བྱས་པ་དང་། ཐེ་ཝན་ཐོག་ཉེན་འཚབ་ཤུགས་ཆེ་བཟོས་པའི་རྐྱེན་གྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གིས་ཐེ་ཝན་དང་རྒྱ་ནག་གི་མཚོ་ཁར་དམག་གྲུ་རིམ་པ་བཏང་བའི་གནས་ཚུལ་བྱུང་ཡོད། ཉེ་བའི་ལོ་ཤས་ནང་དབྱིན་ཇི་དང་། ཁེ་ཎ་ཌ། ཧྥ་རན་སི། ཨོསི་ཀྲི་ལི་ཡ་སོགས་རྒྱལ་ཁབ་ཁག་གིས་ཀྱང་མངའ་ཁུལ་དེར་དམག་གྲུ་བཏང་བར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།