རྒྱ་ནག་གཞུང་གིས་དེང་སང་བརྙན་འཕྲིན་དང་སྤྱི་ཚོགས་དྲ་ལམ་དུ་དྲིལ་བསྒྲགས་རྫུན་མ་ཤུགས་ཆེ་སྤེལ་བཞིན་འདུག་ཟེར།

2021-12-02
Share
རྒྱ་ནག་གཞུང་གིས་དེང་སང་བརྙན་འཕྲིན་དང་སྤྱི་ཚོགས་དྲ་ལམ་དུ་དྲིལ་བསྒྲགས་རྫུན་མ་ཤུགས་ཆེ་སྤེལ་བཞིན་འདུག་ཟེར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེར་གནད་འགྲེལ་དྲ་ཚིགས། 2021
སྒྲིག་བཟོ།/RFA

རྒྱ་ནག་གཞུང་གིས་སྲིད་དོན་དྲིལ་བསྒྲགས་ཀྱི་འབོད་ཚིག་རྫུན་མ་སྣ་ཚོགས་ཤིག་ནམ་རྒྱུན་ནས་འབྲི་སྲོལ་ཡོད་པ་བཞིན། བར་ལམ་ནས་ཆོད་སེམས་བཞི་དང་ཁག་ཐེག་དྲུག་ཟེར་བ་ལྟ་བུ། བོད་ནང་དང་རྒྱ་ནག་རྒྱལ་ཡོངས་སུ་བརྒྱུད་ལམ་འདྲ་མིན་ནས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ཐ་ན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་བཀག་སྡོམ་བྱས་ཟིན་པའི་དྲ་ལམ་ཁག་ཏུའང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཆེད་དམིགས་འབོད་ཚིག་འདྲ་མིན་གྱི་འོག་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་བརྟེན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྤྱི་ཟླ་༡༢་པའི་ཚེས་༢་ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་གྱི་དྲ་ཚིགས་ཤིག་དབུ་འབྱེད་ངོ་སྤྲོད་གནང་ཡོད་ཅིང་། ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་གསུངས་ན། རྒྱ་ནག་གཞུང་གི་སྲིད་དོན་འབོད་ཚིག་རྫུན་མ་དེ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱ་ནག བོད་ནང་བཅས་སུ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་དང་། དེ་བས་ཁོང་ཚོའི་ངོས་ནས་དེར་གདོང་ལེན་ཆེད་གནད་འགྲེལ་དྲ་ཚིགས་གསར་བཟོ་བྱས་བ་ཡིན་པ་དང་། དྲ་ཚིགས་དེར་ཉམས་ཞིབ་ཀྱིས་བཏོན་པ་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་བཏིང་སྟངས་དང་འབྲེལ་བ། སྲིད་དོན་དྲིལ་བསྒྲགས་ཀྱི་བརྡ་ཆད་མང་པོ་ཞིག་བོད་ནང་གི་གནས་ཚུལ་ཡིན་པ་དང་། རྒྱ་ནག་གཞུང་གིས་ནམ་རྒྱུན་བརྡ་ཆད་བེད་སྤྱོད་བཏང་བསྡད་པ་ཁག་ནི། རྒྱ་ཡིག་དང་དབྱིན་ཇི་ཡིན་ནའང་། བོད་ནང་བོད་ཡིག་དུ་བསྒྱུར་འགོ་བཙུགས་ནས་སྐད་ཡིག་གསུམ་གྱི་ནང་ཡོད་པ། སྲིད་བྱུས་གསར་པ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་ཚིག་གསར་པ་ཁག་འཐོན་རིམ་བཞིན། ཁོང་ཚོའི་དྲ་ཚིགས་(www.decodingccp.org)་བསྐྱར་གསོ་གནང་ངེས་ཡིན། རྒྱ་ནག་གཞུང་གི་དྲིལ་བསྒྲགས་བརྒྱུད་ལམ་ནི། འཛམ་གླིང་ཁྱོན་ཡོངས་ཀྱི་འགྱུར་ལྡོག་དང་འདྲ་བར། སྔོན་མ་རླུང་འཕྲིན་དང་གསར་ཤོག་གི་བརྒྱུད་ལམ་ནས་ཐོན་གྱི་ཡོད་ནའང་། དེང་སང་བརྙན་འཕྲིན་དང་སྤྱི་ཚོགས་དྲ་ལམ་དུ་དྲིལ་བསྒྲགས་རྫུན་མ་ཤུགས་ཆེ་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་བསྒྲགས་ནང་། ཁོང་ཚོས་རྒྱ་ནག་གི་བརྡ་ཆད་དེ་གྲས་མང་ཆེ་བ་ཞི་ཅིན་ཕེང་གི་དུས་སྐབས་ཀྱི་བརྡ་ཆད་བསྒྱུར་ཡོད་པ་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་དེ་ཚོར་རྒྱ་ནག་ཧན་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་། རྒྱ་ནག་འཐོར་བཤིག་ཏུ་སོང་ན་དཔལ་འབྱོར་ཉམས་ཉེས་དང་མི་མང་ལ་དཀའ་སྡུག་མི་ཟད་པར་འཕྲད་ངེས་ཡིན་པ། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གི་རིག་གཞུང་སྒྱུ་རྩལ་དང་དམག་དང་བདེ་སྲུང་། དཔལ་འབྱོར་སོགས་ཡར་རྒྱས་བཏང་བའི་འུད་སྒྲོག་ཤུགས་ཆེ་བྱེད་བཞིན་པ་སོགས་ཀྱང་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།