སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་འདྲ་སྐུ་དང་འབྲེལ་ནས་མི་སྣ་ཁག་ཅིག་འཛིན་བཟུང་གཅར་རྡུང་བྱས་འདུག

2022.01.13
Share on WhatsApp
Share on WhatsApp
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་འདྲ་སྐུ་དང་འབྲེལ་ནས་མི་སྣ་ཁག་ཅིག་འཛིན་བཟུང་གཅར་རྡུང་བྱས་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་ཁོང་གི་འདྲ་སྐུ།
བོད་འབྱོར།/RFA

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་འདྲ་སྐུ་མི་ཚད་ཅན་ཞིག་ཡོ་རོབ་ནང་ཡོད་པའི་ཁོང་གི་སློབ་མ་ཁག་ཅིག་གིས་རྒྱ་ནག་ཀོང་ཏུང་(Guangdong)་ཞིང་ཆེན་གྱི་(Shenzhen)་གྲོང་ཁྱེར་ནང་ཕྱི་ལོ་༢༠༢༠་ཕྱི་ཟླ་༧ ཚེས་༣༠་ཉིན་ནས་བཞེངས་འགོ་ཚུགས་པ་༢༠༢༡་ལོའི་ཕྱི་ཟླ་༦་ཚེས་༨་ཉིན་ལེགས་འགྲུབ་ཡོད་པ་རེད།
ཐོག་མའི་འཆར་གཞི་ལྟར་ན། འདྲ་སྐུ་དེ་བོད་ཕྱི་ཕྱོགས་སུ་བསྐུར་ཐབས་བྱས་འདུག་ཀྱང་དེ་ལྟར་མ་བྱུང་བར་བརྟེན། རིན་པོ་ཆེ་དམ་པ་དེའི་ཕ་ཡུལ་ལི་ཐང་ཕྱོགས་སུ་གདན་ཞུའི་ཆེད་ ༢༠༢༡་ལོའི་ཕྱི་ཟླ་༦་ཟླ་དཀྱིལ་ཙམ་ལ་གྲོང་ཁྱེར་ཧྲིན་ཀྲན་ནས་འདྲ་སྐུ་དེ་འཁྱེར་ཡོང་མཁན་དང་། ལི་ཐང་ནས་འདྲ་སྐུ་ལེན་པར་ཡོང་མཁན་རྣམས་དར་རྩེ་མདོར་ཐུག་ནས། འདྲ་སྐུ་རྩིས་བླངས་ཚར་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་ཡོང་ནས་མི་དེ་དག་ཚང་མ་འཛིན་བཟུང་དང་འདྲ་སྐུ་བཙན་འཕྲོག་བྱས་འདུག
ལི་ཐང་ཕྱོགས་ནས་འདྲ་སྐུ་རྩིས་ལེན་པར་འགྲོ་མཁན་སྐལ་བཟང་ཚེ་རིང་ལགས་དང་། ཁོང་གི་རོགས་པ་གཅིག་བཅས་ཡོད་པ་དང་། ཁོང་གཉིས་འཛིན་བཟུང་བྱས་རྗེས་དུས་ཡུན་གང་མཚམས་རིང་གར་ཡོད་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་མ་བྱུང་བརྟེན། ཕ་ཡུལ་ནས་ཁོང་གཉིས་འཚོལ་བརྡ་བཀྲམས་འདུག དེའི་རྗེས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་སྐལ་བཟང་ཚེ་རིང་དང་ཁོང་གི་རོགས་པ་གཉིས་འཛིན་བཟུང་བྱས་ཡོད་པ་ངོས་ལེན་བྱས་འདུག ཁོང་གཉིས་ཁྱོན་བསྡོམས་ཉིན་གྲངས་༢༠་ཙམ་རིང་བཀག་ཉར་གྱིས་འདྲི་རྩད་དང་བཅར་རྡུང་བྱས་ཡོད་པ་དང་། ཁོང་གཉིས་ལ་མ་འོངས་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནང་མི་དང་འབྲེལ་བ་བྱེད་མི་ཆོག་པ་དང་། ཁོ་ཚོས་ལས་དོན་ཅི་ཞིག་མངགས་ཀྱང་དང་ལེན་མི་བྱེད་པའི་སློབ་གསོ་བཏང་འདུག ཡང་(Shenzhen)་ནས་རིན་པོ་ཆེའི་འདྲ་སྐུ་དེ་དར་རྩེ་མདོ་བར་བསྐྱེལ་དུ་ཡོང་མཁན་རྒྱ་རིགས་ཤིག་དང་བོད་རིགས་ཞིག་ཡོད་པ་ཁོང་གཉིས་ཀྱང་ཉིན་གྲངས་༢༠་ཙམ་ལ་བཀག་ཉར་བྱས་ཡོད་པ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་གནས་ཚུལ་དེ་ལྷག་རྗེས་རྒྱ་ནག་གི་ཧྲིན་ཀྲན་གྲོང་ཁྱེར་ནང་རིན་པོ་ཆེའི་འདྲ་གཟུགས་བཟོ་བཀོད་ཐད་ཐོག་མའི་འགན་འཁུར་བ་བོད་མི་ཞིག་འཛིན་བཟུང་གིས་ཟླ་བ་གཅིག་ལྷག་ཙམ་རིང་བཀག་ཉར་བྱས་ཡོད་འདུག
ཡང་དེའི་རྗེས་སྔ་ལོ་ཕྱི་ཟླ་༩འི་ནང་ལི་ཐང་རྫོང་གི་ཉེན་རྟོག་པ་༢༠ནས་༣༠་ཙམ་ཞིག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོའི་ཁྱིམ་དུ་ཡོང་ནས་སྔོག་གཤེར་བྱས་པ་དང་། ཁོང་ཚོའི་མཆོད་ཁང་ནང་དུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་པར་སོགས་བོད་ཀྱི་བླ་ཆེན་ཁག་གི་སྐུ་པར་མང་པོ་ཞིག་ཡོད་པ་དེ་དག་ཡོངས་རྫོགས་བཙན་འཁྱེར་བྱས་པ་དང་། མཐའ་ན་དེང་སྐབས་ཨ་རིར་ཡོད་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱི་འདྲ་པར་ཡང་བཙན་འཁྱེར་བྱས་འདུག་ཅིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡི་ཚ་མོ་ཉི་མ་ལྷ་མོའི་ཨ་མ་སྒྲོལ་དཀར་ལྷ་མོ་དང་། སྤུན་མཆེད་གཉིས་ཡང་འཛིན་བཟུང་གིས་ཉིན་གྲངས་མང་པོར་བཀག་ཉར་གྱིས་འདྲི་རྩད་དང་བཅར་རྡུང་དྲག་པོ་བྱས་ཐོག ཉི་མ་ལྷ་མོ་དང་འབྲེལ་བ་བྱེད་སྐབས་ཁོ་མོས་ཇི་ཟེར་སོགས་འདྲི་བརྩད་བྱས་ཡོད་པ་གནས་ཚུལ་འབྱུང་ཁུངས་གཞན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
གཞན་སྐབས་དེར་ལི་ཐང་རྫོང་གི་རྒྱ་ནག་ཉེན་རྟོག་པས་བརྙན་དཔར་བླངས་ནས་ཉི་མ་ལྷ་མོའི་ནང་མི་རྣམས་ལ་སྐད་ཆ་འདྲ་མིན་བཤད་བཅུག་ཡོད་ཅིང་། དེ་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བླ་མ་རྫུན་མ་ཡིན་ལུགས་དང་། དེ་བཞིན་ཉི་མ་ལྷ་མོས་ཕ་ཡུལ་གྱི་གནས་སྟངས་གང་ཡང་ཤེས་ཀྱི་མེད་ཀྱང་། ཕྱི་ལོག་གི་ཚོགས་པ་སྒྲིག་འཛུགས་ཁག་གིས་སློབ་གསོ་བཏང་ནས་བེད་སྤྱོད་ལོག་པ་གཏོང་གི་ཡོད་ཚུལ་སོགས་བཤད་དགོས་པའི་བཙན་སྐུལ་བྱས་ནས་བརྙན་བླངས་ཡོད་འདུག
ཉི་མ་ལྷ་མོ་ལགས་དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་བཞུགས་མུས་ཡིན་ཞིང་། ལོ་ཤས་སྔོན་༢༠༡༩་ལོའི་སྤྱི་ཟླ་༧པའི་ནང་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་ཚོགས་སྡེ་ཁག་དང་མཉམ་དུ་སྐབས་དེའི་ཨ་རིའི་སྲིད་འཛིན་(Trump)་དང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་བྱས་ནས་བོད་དོན་གླེང་ཡོད་པ་རེད།
ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཉི་མ་ལྷ་མོའི་ཨ་མར། ཕྱིས་སུ་ཉི་མ་ལྷ་མོ་དང་འབྲེལ་བ་བྱས་ཚེ་གཅར་རྡུང་ཕོག་རྒྱུ་མ་ཟད། སྲོག་ཉེན་ལ་འཕྲད་སྲིད་པ་ཉེན་བརྡའི་འཇིགས་སྐུལ་ཡང་བྱས་འདུག ཨ་མ་སྒྲོལ་དཀར་ལྷ་མོ་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྤུན་ཆུང་བ་ཡིན་ཞིང་། ཁོང་ཁྱོན་བསྡོམས་ཉིན་གྲངས་༡༨་ཙམ་བཀག་ཉར་ཁང་དུ་བཞག་འདུག སྤུན་མཆེད་གཉིས་ཉིན་༡༥་ཙམ་ལ་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།