ཟི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ཁག་ཅིག་སྡེ་དགེ་རྫོང་དུ་སླེབས་པ་དང་དབོན་སྟོད་ནས་འཛིན་བཟུང་བྱས་པའི་བོད་མི་ཚོར་ཉེས་རྡུང་དྲག་པོ་བཏང་འདུག

2024.02.26
ཟི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ཁག་ཅིག་སྡེ་དགེ་རྫོང་དུ་སླེབས་པ་དང་དབོན་སྟོད་ནས་འཛིན་བཟུང་བྱས་པའི་བོད་མི་ཚོར་ཉེས་རྡུང་དྲག་པོ་བཏང་འདུག དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ་དང་འདྲི་རྩད་བྱེད་སྐབས་ཉེས་རྡུང་བཏང་སྟེ་སྨན་ཁང་ལ་བསྐྱལ་དགོས་པའི་གནས་ཚུལ་ཡང་བྱུང་འདུག
མི་སེར་གསར་འགོད་པ།

འདི་ཚེས་ ༢༥ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་དང་ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་སོགས་དཔོན་རིགས་ཁག་ཅིག་སྡེ་དགེ་རྫོང་ལ་སླེབས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་ནས་གནས་ཚུལ་མཁོ་སྤྲོད་པ་བརྒྱུད་ཤེས་རྟོགས་བྱུང་ཞིང་། འོན་ཀྱང་དཔོན་རིགས་དེ་དག་གིས་ལས་དོན་བཀོད་སྒྲིག་ཇི་བྱས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱེད་པའི་གནས་ཚུལ་མཁོ་སྤྲོད་པ་དེ་དག་གིས་ཤེས་རྟོགས་མི་འདུག 

འདི་ཚེས་ ༢༤ ཉིན་ཉེན་རྟོག་དམག་མིས་ཉེས་རྡུང་བཏང་སྟེ་དྲན་པ་ཐོར་ནས་སྨན་ཁང་དུ་བསྐྱལ་པའི་ནད་པ་ཞིག་ཕྱི་ཚེས་ ༢༥ ཉིན་དྲན་པ་གསོས་ཡོད་འདུག་ལ།   ད་ལྟའི་ཆར་སྲོག་ལ་ཉེན་ཁ་མི་འདུག་ཅེས་བརྗོད་བྱུང་།    འོན་ཀྱང་འཛིན་བཟུང་བཀག་ཉར་འོག་ཡོད་པའི་མི་གྲངས་ ༡༠༠༠ ཙམ་ཡོད་པ་དེ་དག་གི་ཁྲོད་མི་མང་པོར་ཁ་ལག་ཟ་ཡག་དང་གྱོན་ཆས་གདང་ངེས་མེད་པ་མ་ཟད།   ཐ་ན་གྲང་ངར་ཆེ་བའི་མཚན་མོར་ཉལ་ཆས་ཀྱང་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ།  མི་འགའ་རེ་ལྟོགས་ནས་ས་ལ་དགྱེལ་པའི་གནས་ཚུལ་ཡང་ཐོན་འདུག 

7bdeb2ae-64eb-40e4-9a64-ebea7531e27b.jpeg
འབྲི་ཆུའི་རྒྱུད་དུ་གནས་སྤོར་དགོས་བའི་དཀའ་ངལ་འཕྲད་བཞིན་པའི་དགོན་སྡེ་དང་གྲོང་ཚོ། The Tibet Map Institute. Graphic: Nordon & Tenzin Pema/RFA

ད་དུང་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་པར་གཞིགས་ན། འཛིན་བཟུང་བྱས་པའི་མི་ཧ་ལམ་ཚང་མར་ཉེས་རྡུང་ཕོག་པའི་འོག་ཚེ་སྲོག་ཤོར་རྒྱུའི་ཉེན་ཁ་ཡང་ཡོད་པ་ཚོད་དཔག་བྱེད་ཀྱི་འདུག  ད་ལྟ་དྲ་ལམ་བཀག་པ་དང་ཁ་པར་གཞུང་བཞེས་བཏང་པའི་དབང་གིས་གནས་ཚུལ་ཁ་གསལ་ཕྱི་ཕྱོགས་སུ་གཏོང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ས་ཁུལ་ནང་བྱུང་བའི་གནས་ཚུལ་ཕྱི་ཕྱོགས་ཀྱིས་ཤེས་རྟོགས་མེད་པ་འགྱུར་སྲིད་པའི་ཐད་མང་ཚོགས་ཁྲོད་སེམས་འཚབ་བྱེད་མཁན་མང་པོ་ཡོད་པ་བརྗོད་བྱུང་། 

འབྲི་ཆུ་རྒྱུག་ཡུལ་སྡེ་དགེ་དབོན་པོ་སྟོད་ཀྱི་གྲོང་ཚོ་གཉིས་དང་དགོན་པ་དྲུག་རྒྱ་ནག་གཞུང་གི་ལས་འཆར་ལྟར་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་བྱ་ཡུལ་དུ་འཁེལ་སྟབས་གྲོང་ཚོ་དེ་དག་དང་དགོན་པ་དེ་དག་ས་གནས་གཞན་དུ་གནས་སྤོ་དགོས་ལུགས་བརྗོད་པར་བརྟེན། ཐོག་མར་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་སྡེ་རྫོང་གི་ལས་ཁུངས་ཨ་མའི་མདུན་མང་ཚོགས་ནས་ངོ་རྒོལ་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཞིང་། ཕྱི་ཟླ་ ༢ ཚེས་ ༢༣ གཟའ་པ་སངས་ཉིན་དམིགས་བསལ་སྦྱོང་བརྡར་སྤྲད་པའི་དྲག་ཆས་ཉེན་རྟོག་པ་ཁྱོན་ཆེ་དབོན་སྟོད་ཁུལ་དུ་ཆེད་གཏོང་གིས་དབོན་སྟོད་དང་ཡེ་ན་དགོན་སོགས་ཀྱི་དགེ་འདུན་པ་དང་མི་སེར་དཀྱུས་མ་ཁྱོན་བསྡོམས་ཆིག་སྟོང་ ༡༠༠༠ ཙམ་འཛིན་བཟུང་བྱས་ཡོད་པ་རེད། འཇུ་བཟུང་བྱས་པའི་མི་དག་ལ་སོ་སོའི་ནང་ནས་རྩམ་པ་དང་ཉལ་ཆས་འཁྱེར་ཡོང་དགོས་པའི་བཙན་བཀའ་ཡང་བཏང་འདུག  

ཨ་རི་དང་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མི་འབོར་ཆེ་བཙོན་འཇུག་བྱེད་པ་དེ་དག་གི་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་དང་། ཁོང་ཚོ་མགྱོགས་མྱུར་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། 

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་སྡེ་དགེ་ཁུལ་གྱི་བོད་མི་ཁྱོན་ཆེ་འཛིན་བཟུང་བྱས་པར་སྐྱོན་བརྗོད་དྲག་པོ་གནང་འདུག་ལ།  བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཨ་རི་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད། 

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥

གསར་འགོད་པ། སྐལ་ལྡན་བློ་གྲོས།
མཐུན་འགྱུར་གསར་འགོད་པ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས་དང་། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་མི་རི་ཀའི་བོད་དོན་ཆེད་ཁྲིམས་ཡིག་གཏན་འབེབས་གནང་བར་བོད་མི་ཚོས་དགའ་བསུ་དང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎