བོད་ནང་ས་ཡོམ་རྐྱེན་པས་གློག་འདོན་ཆུ་མཛོད་ཆེན་པོ་ལྔ་ལ་གས་སྲུབས་ཤོར་འདུག

2025.01.17
བོད་ནང་ས་ཡོམ་རྐྱེན་པས་གློག་འདོན་ཆུ་མཛོད་ཆེན་པོ་ལྔ་ལ་གས་སྲུབས་ཤོར་འདུག བོད་ནང་གི་སི་ཁྲོན་ཞིང་ཆེན་གྱི་ཧྥེང་ཤོ་ཚུ་མཛོད་ས་ཡོམ་རྐྱེན་གས་འཐོར་ཤོར་བའི་པར། ཕྱི་ལོ་ ༢༠༠༨།
AP

བོད་ནང་གི་དིང་རི་ས་གནས་གཙོས་པའི་ས་ཁུལ་ཁག་ཅིག་ཏུ་ཉེ་ལམ་ཚད་རིམ་ ༧་༡ ས་ཡོམ་བརྒྱབ་ནས་མི་གྲངས་ ༡༢༦ རྐྱེན་འདས་སུ་གྱུར་པ་དང་། ཁང་པ་འཐོར་བཤིག་དང་མི་གྲངས་འབོར་ཆེན་ལ་རྨས་སྐྱོན་ཤོར་བ་སོགས་རྐྱེན་ཆག་ཚབས་ཆེན་བྱུང་ཡོད་པ་དང་མཚུངས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་གློག་འདོན་ས་ཚིགས་ཀྱི་ཆུ་མཛོད་ཆེན་པོ་ ༡༤ ཡོད་པ་ལས། ཆུ་མཛོད་ཆེན་པོ་ལྔ་ལ་ས་ཡོམ་གྱི་རྐྱེན་པས་གས་སྲུབས་ཤོར་ཡོད་ལུགས་རྒྱ་ནག་གཞུང་གིས་སྤྱི་ཚེས་ ༡༦ ཉིན་ཛ་དྲག་གི་གསལ་བསྒྲགས་སྤེལ་ཡོད་ཅིང་། གས་སྲུབས་ཤོར་བའི་ཆུ་མཛོད་ཆེན་པོ་ལྔ་ལས་གསུམ་གྱི་ཆུ་བཏོན་ཏེ་སྟོང་པ་བཟོས་ཡོད་པ་གསར་འགོད་གསལ་བསྒྲགས་སྟེང་བཤད་ཡོད་པ་མ་ཟད། དིང་རི་རྫོང་ཁོངས་ཀྱི་ཆུ་མཛོད་ཅིག་ཁ་ཤོར་ལ་ཉེ་བའི་ཉེན་ཁ་བྱུང་ཡོད་པར་བརྟེན། ཆུ་མཛོད་ཀྱི་གཤམ་དུ་ཆགས་པའི་གྲོང་གསེབ་ཁག་དྲུག་གི་མི་འབོར་ཆིག་སྟོང་དྲུག་བརྒྱ་ཙམ་གནས་སྤོས་བྱ་དགོས་ཐུག་ཡོད་པ་ (Reuters) གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

བོད་ནང་ས་ཡོམ་བརྒྱབ་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་། ས་ཡོམ་གྱིས་གནོད་འཚེ་ཕོག་པ་ཚོར་གདུང་སེམས་མཉམ་བསྐྱེད་གནང་བ་དང་ཆབས་ཅིག་ཏུ། བོད་མཐོ་སྒང་དུ་རྒྱ་གར་གྱི་ས་གཞི་དང་ཡུ་རེ་ཤེ་ཡན་ས་གཞི་གཉིས་ཀྱི་འོག་ནས་མུ་མཐུད་ས་འགུལ་འགྲོ་བསྡད་ཡོད་པའི་རྐྱེན་གྱིས། བོད་ཀྱི་ཁོར་ཡུག་ལ་དོ་སྣང་ཆེན་པོ་སྤྲད་དགོས་པ་དང་། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་མེ་ཏོག་རྫོང་དུ་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་རྒྱག་འཆར་དེ་ས་ཡོམ་གྱི་ས་ཁུལ་དུ་ཁེལ་ཡོད་པས། མ་འོངས་པར་རྒྱ་གར་དང་བྷང་ལ་ངྷེ་ཤེའི་ནང་གནོད་སྐྱོན་ཆེན་པོ་ཡོང་ཉེན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས། ཚན་རིག་གི་ལམ་ནས་ཆུ་རགས་ཆེན་པོ་དེ་རིགས་ཀྱིས་ས་ཡོམ་འབྱུང་གི་ཡོད་ཅེས་གསུང་གི་མེད་ནའང་། ཡུལ་གྲུ་དེར་ས་ཡོམ་གྱི་རྒྱུ་གཞི་གྲུབ་ཡོད་པའི་མུར། ཆུ་རགས་ཆེན་པོ་བརྒྱབ་པ་དང་ཆུ་མང་པོ་བསགས་པའི་ལྗིད་ཚད་ལ་བརྟེན་ནས། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ་ཡོང་འགྱུར་གྱི་ས་ཡོམ་རྣམས་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ལ་ཡོང་རྐྱེན་བཟོ་བཞིན་པ་འགྲེལ་བརྗོད་གནང་གི་འདུག

བལ་ཡུལ་ནང་ ༢༠༡༥ ལོར་ས་ཡོམ་གྱི་སྐབས་སུ་ཆུ་མཛོད་ཆེན་པོ་འགའ་ཤས་ལ་ས་རུད་དང་རྦབ་རྡོ་འགྲིལ་བ་སོགས་ཀྱིས་གཏོར་སྐྱོན་ཐེབས་ཡོད་པ་བཞིན། ད་ལན་གྱི་ས་ཡོམ་འདིས། ས་ཡོམ་འབྱུང་ཉེན་ཆེ་བའི་བོད་དང་རྒྱ་གར་ནང་གི་ས་ཁུལ་མང་པོ་ཞིག་གི་ཆུ་རགས་ལའང་ཉེན་ཁ་ཡོད་པ་མངོན་གསལ་གྱུར་ཡོད། བོད་ཀྱི་དིང་རི་རྫོང་གི་ས་ཡོམ་འདི་ནི་ ༢༠༠༨ ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་ནང་གི་ས་ཡོམ་གྱི་རྗེས་སུ། རྒྱ་ནག་ནང་ས་ཡོམ་ཤུགས་ཚད་མཐོ་ཤོས་ལྔ་པ་དེ་ཆགས་ཡོད་པ་དང་། ས་ཡོམ་འདིའི་ཉི་མ་ཁ་ཤས་ཀྱི་རྗེས་སུ་དིང་རི་རྫོང་ཁོངས་སུ་ཡང་བསྐྱར་ས་ཡོམ་ཚད་རིམ་ ༥་༡ ཅན་ཞིག་བརྒྱབ་སྟེ་ས་གནས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎