ཧྥ་རན་སི་གཞུང་གིས་བོད་དོན་ཐད་ཐུགས་ཁུར་ཆེ་ཙམ་བཞེས་དགོས་བའི་འབོད་སྐུལ་གནང་འདུག

2022-01-19
Share
ཧྥ་རན་སི་གཞུང་གིས་བོད་དོན་ཐད་ཐུགས་ཁུར་ཆེ་ཙམ་བཞེས་དགོས་བའི་འབོད་སྐུལ་གནང་འདུག སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཧྥ་རན་སིའི་བོད་དོན་ཚོགས་པའི་ཚོགས་མི་རྣམ་པར་མཇལ་འཕྲད་སྐབས། ༠༡།༡༨།༢༠༢༢
tibet.net

འདི་ཚེས་༡༨་ཉིན་སྦེལ་ཇམ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས། ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་ཡོད་པའི་ཧྥ་རན་སིའི་བོད་དོན་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Eustache Brino)་དང་། ལྕམ་(Annick Billon) དེ་བཞིན་སྐུ་ཞབས་(Bernard Fournier)་དང་སྐུ་ཞབས་(Olivier Rietmann) སྐུ་ཞབས་(Loic Herve) སྐུ་ཞབས་(Andre Gattolin)་བཅས་དང་ལྷན་མཇལ་འཕྲད་ལྷན་ཚོགས་ཞིག་གོ་སྒྲིག་གནང་ནས། ད་ལྟའི་བོད་ནང་གི་གནས་སྟངས་དང་ངོ་སྤྲོད་དང་འབྲེལ་ཧྥ་རན་སི་གཞུང་གིས་བོད་དོན་ཐད་ཐུགས་ཁུར་ཆེར་བཞེས་དང་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོད་ཐབས་དགོས་བའི་རེ་སྐུལ་གནང་ཡོད་འདུག
དེའི་ཐད་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་གིས་སྐབས་དེར་ཧྥ་རན་སི་གཞུང་གིས་བོད་དོན་ཐད་ཐུགས་ཁུར་ཆེ་ཙམ་བཞེས་ཐབས་དགོས་བ་དང་། ཧྥ་རན་སི་གཞུང་གིས་བོད་ཀྱི་གནད་དོན་ཐད་ཡོ་རོབ་མཐུན་ཚོགས་ནང་སྣེ་ཁྲིད་དགོས་པའི་རེ་སྐུལ་གནང་བར། ལྕམ་(Eustache Brino)་ལགས་ཀྱིས་དེར་མོས་མཐུན་དང་མཉམ། དམིགས་བསལ་བོད་ཀྱི་གནད་དོན་ནི་རྒྱ་ནག་མངའ་ཁོངས་ཀྱི་གནད་དོན་གཞན་དག་ལས་གཏིང་ཟབ་ཅིང་། ལོ་རྒྱུས་དང་མི་རིགས་ཀྱི་གནས་སྟངས་སོཊ་གསལ་བོ་ཤེས་ཡོད། ཡོ་རོབ་སོཊ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་མི་ཇེ་མང་དུ་འགྲོ་བཞིན་པ་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་སྟེ་ཁོང་རྣམས་ནུས་པ་ལྡན་པ་ཞིག་ཡོང་ཐབས་སུ་རོགས་རམ་གནང་རྒྱུའི་ཐོག་འབད་བརྩོན་ཞུ་ཡིན་པ་གསུངས་ཡོད་འདུག
ད་དུང་ཁོང་མོས་དུས་ཡུན་གང་མཚམས་ཞིག་རིང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཚོགས་འདུ་ཚོགས་ཐུབ་མེད་ནའང་སྐབས་དེར་ཚོགས་པའི་ངོས་ནས་སྐུ་ཞབས་(Michel van Walt)་དང་། བོད་མི་མང་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས། ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་སོགས་པ་དང་མཇལ་འཕྲད་གནང་ཡོད་སྐོར་འགྲེལ་བརྗོད་དང་། དེ་བཞིན་ཁོང་གིས་སྐུ་ཚབ་དོན་གཅོད་བརྒྱུད་ཚོགས་པའི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་རེ་སྐུལ་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཚོགས་མི་ལྷན་རྒྱས་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་གསལ་ཐང་ཡིན་པ་དང་། ཧྥ་རན་སི་དང་བོད་ཀྱི་འབྲེལ་བའི་གནད་དོན་ངོ་སྤྲོད་གནང་བ་དང་ཕྱོགས་མཚུངས། ཁོང་གིས་བོད་ནི་འཛམ་གླིང་ནང་ནས་རང་དབང་གི་གནས་བབ་སྐྱོ་ཤོས་གྲས་ཡིན་པ་དང་། རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་འོག་བོད་མི་རྣམས་སྡུག་སྦྱོང་ཚད་མེད་མྱོང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཡང་སྐུ་ཚབ་དོན་གཅོད་མཆོག་གིས་རྒྱ་ནག་གི་སྐུ་ཚབ་དང་། ཡུལ་སྐོར་སྤྲོ་འཆམ་པ། སློབ་ཕྲུག་སོགས་ནུབ་ཕྱོགས་རྒྱལ་ཁབ་ཏུ་རང་དབང་ངང་འགྲོ་འོང་ཆོག་པ་བཞིན་བོད་ནང་གི་བོད་མི་ཚོ་ཡང་དེ་ལྟར་འགྲོ་བསྐྱོད་ཆོག་པར་འབད་བརྩོན་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། འཇིག་རྟེན་སྤྱི་དང་ཡང་སྒོས་ནང་པ་ཡོངས་ཀྱིས་བརྩི་བཀུར་ཞུ་ཡུལ་གྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་སྟབས། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐད་ཇར་མ་ནི་དང་། བྷེལ་ཇེམ། ནི་དར་ལེནྜ་བཅས་ཀྱིས། ཨ་རིས་གནང་སྟངས་ལྟར་ཧྥ་རན་སི་གཞུང་གི་བཞེངས་ཕྱོགས་གང་ཡིན་གསལ་བསྒྲགས་གནང་དགོས་པའི་འབོད་སྐུལ་གནང་བ་དང་། བོད་མིའི་སྒྲིག་འཛུགས་ངོས་འཛིན་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་བཞིན་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའང་གནད་འགག་ཆེན་པོ་ཡིན་པ་སོགས་གསུངས་ཡོད་འདུག

གསར་འགོད་པ། དབྱངས་སྒྲོན། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།