རྒྱ་ནག་གཞུང་གིས་ཡུ་གུར་དང་བོད་མི་ཚོ་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པའི་ཐད་རྒྱལ་ཚོགས་ཀྱིས་སྙན་ཐོ་བཏོན་འདུག

2022.08.17
Share on WhatsApp
Share on WhatsApp
ཤིན་ཅིང་ནང་ཡུ་གུར་བ་ངལ་རྩོལ་བཀོལ་ཡུལ་ཞིག ༢༠༡༨
REUTERS

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་བཙན་ཤེད་ཀྱི་ངལ་རྩོལ་བཀག་འགོག་རྟོག་ཞིབ་ཚན་པས། ཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༡པའི་དཔྱད་གཞིར་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་དང་བོད་མི་ཚོ་བཙན་ཤེད་དབང་ཡོད་བཏང་ནས་ངལ་རྩོལ་སྐུལ་འདེད་བྱེད་བཞིན་ཡོད་པའི་གནས་སྟངས་གསལ་འདོན་གནང་ཡོད་འདུག
དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱལ་ཚོགས་ལ་ཞུ་གཏུག་གནང་མཁན་སྐལ་ལྡན་འཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཤིན་ཅང་ནང་བཀག་སྐྱིལ་ཁང་མང་པོར་ཡུ་གུར་མི་རིགས་ཚོར་ཆེད་ལས་སྦྱོང་བརྡར་སྤྲོད་བཞིན་ཡོད་ཚུལ་གྱིས་བཙན་གྱིས་ངལ་རྩོལ་བཀོལ་བ་དང་། དབུལ་ཕོངས་མེད་པར་བཟོ་རྒྱུ་ཡིན་ཚུལ་གྱིས་ལས་མི་མང་པོ་སོ་སོའི་ས་གནས་ནས་ས་གནས་གཞན་ལ་སྐྱེལ་ནས་ངལ་རྩོལ་བཀོལ་བ་བཅས་གསལ་བཏོན་བྱས་ནས། གནས་སྟངས་དེ་གཅིག་མཚུངས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་ཡོད་པ་དང་། དམིགས་བསལ་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་བཞིན་པའི་དཀའ་ངལ་དེ་བོད་ནང་གི་ཞིང་འབྲོག་གཞི་རིམ་མང་ཚོགས་ལ་འཕྲད་བཞིན་པའི་སྐོར་དང་། གཞན་རྒྱ་ནག་གཞུང་གིས་ཡུ་གུར་དང་བོད་མི་སོགས་གྲངས་ཉུང་མི་རིགས་ལ་མི་རིགས་དབྱེ་འབྱེད་བྱས་ནས། གྲངས་ཉུང་མི་རིགས་ཚོ་དབུལ་ཕོངས་ཀྱི་གནས་སུ་ལྷུང་བ་དང་། སོ་སོའི་སྐད་ཡིག་རིག་གཞུང་། ཆོས་ལུགས་ཡུལ་སྲོལ་སོགས་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་དཀའ་ངལ་འཕྲད་བཞིན་པའོ་གནས་སྟངས་སོགས་གསལ་བཏོན་གནང་ཡོད་པ་གསུངས་བྱུང་།
གཞན་བོད་དང་ཤིན་ཅང་ནང་གི་དམ་དྲག་གི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་(Adrian Zenz)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་ན། རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ནང་གསལ་ལྟར། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་ཆེས་སྡུག་རྩུབ་ངང་མི་ཚོ་ངལ་རྩོལ་ལ་བཙན་གྱིས་བྲན་གཡོག་ལྟར་སྐུལ་འདེད་གཏོང་བཞིན་པ་ནི་འགྲོ་བ་མིར་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་ཤིག་ཡིན་པ་དང་། དེར་མུ་མཐུད་དུ་རང་དབང་ལྡན་པའི་སྒོ་ནས་ཞིབ་འཇུག་བྱེད་དགོས་པ་དང་། རྟོག་ཞིབ་བྱེད་དགོས་བའི་ལས་དོན་འདི་ནི་གནད་འགག་ཆེན་པོ་ཞིག་ཡིན་པ་གསུངས་འདུག

གསར་འགོད་པ། རབ་སྒང་ཚེ་ཕུན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎