ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བཞུགས་སྒར་དུ་འཚམས་གཟིགས་གནང་།

2022.05.18
Share on WhatsApp
Share on WhatsApp
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བཞུགས་སྒར་དུ་འཚམས་གཟིགས་གནང་། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་འཚམས་གཟིགས་སྐབས། ༠༥།༡༨།༢༠༢༢
tibet.net

ཕྱི་ཟླ་༥ཚེས་༡༨ཉིན་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་གནང་ཞིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་ཚོགས་གཞོན་སོགས་དང་མཇལ་འཕྲད་ཞུས་ཡོད་པ་རེད། སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་འཚམས་གཟིགས་གནང་པ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུ་རྒྱུ་གཙོས་བོད་མིའི་བདེ་དོན་གནས་སྟངས་ལ་གཟིགས་ཞིབ་རྒྱུས་ལོན་གནང་རྒྱུའི་མཛད་དོན་འདི་དག་གིས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་ཡོད་པ་གསུངས་ཡོད་པ་རེད།

Uzra Zeya dharamsala (2).jpg
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཨ་རིའི་སྦཡེ་ཌེན་སྲིད་གཞུང་གི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་སྟེ་རིང་བོ་མ་སོང་བར་བཞུགས་སྒར་རྡ་རམ་ས་ལར་ཆེད་གནང་ནས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཚོ་དང་ལྷན་དུ་མཇལ་འཕྲད་གནང་བ་དེས་ཨ་མི་རི་ཀའི་གཞུང་གི་ངོས་ནས་བོད་དོན་ཐོག་ལ་དམིགས་བསལ་ཐུགས་ཁུར་དང་གོམས་པ་གསར་པ་ཞིག་སྤོ་བཞིན་པ་གསལ་བོ་རེད། རྩ་བས་སྦཡེ་ཌེན་སྲིད་གཞུང་གི་ངོས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་ཞུ་རྒྱུར་འབད་བརྩོན་གནང་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་གི་སོ་ཉུལ་དང་བསུན་གཙེར་བཟོ་བཞིན་པ་འགོག་ཐབས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས། ཨ་རིའི་མི་སེར་དང་གསར་འགོད་པ་དང་ཞིབ་འཇུག་པ་སོགས་བོད་ནང་འགྲོ་འོང་ཆོག་རྒྱུར་འབད་བརྩོན་གནང་རྒྱུ་སོགས་བོད་དོན་དོན་ཚན་དྲུག་ལས་འགན་གནང་ཡོད་པ་དེ་དག་དང་འབྲེལ་བ་ཡོད་པ་གསུངས་བྱུང་།
ལྕམ་ཨུཛ་ར་ཛི་ཡ་མཆོག་རྡ་རམ་ས་ལའི་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་བློན་རྣམ་པ། སྤྱི་འཐུས་ཀྱི་ཚོགས་གཙོ་འདྲེས་གཞོན་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་བོད་མི་སེར་སྐྱ་གང་མང་ནས་དགའ་བསུའི་ཕེབས་བསུ་ཞུས་ཡོད་པ་རེད།

Uzra Zeya dharamsala (1).jpg
གནམ་ཐང་ནས་ཐད་ཀར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིང་ཤོངས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྷན་དུ་ཕེབས་ཐོན་གྱིས་བཀའ་ཤག་ལས་ཁུངས་སུ་ཕེབས་ཤིང་། བོད་ཀྱི་དཔེ་མཛོད་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་བཅས་སུ་གཟིགས་ཞིབ་གནང་པ་དང་། ཉིན་གུང་གྱི་གསོལ་ཚིགས་བཀའ་ཤག་ཏུ་གནང་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཟུར་མཇལ་གནང་ཡོད་པ་རེད། དེ་རྗེས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནས་ཕེབས་བསུ་སྣེ་ལེན་ཐོག་སྤྱི་འཐུས་ལྷན་ཁང་གཟིགས་ཞིབ་ཐོག་ཚོགས་གཙོ་འདྲེས་གཞོན་རྣམ་གཉིས་དང་མཇལ་འཕྲད་ཞུས་ཡོད་པ་རེད།
ཕྱི་དྲོ་རྡ་རམ་ས་ལའི་(Hyatt)་མགྲོན་ཁང་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགོ་གཙོ་རྣམས་དང་མཇལ་མོལ་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པར་བོད་ཀྱི་རིག་གཞུང་ཟློས་གར་གཟིགས་འབུལ་རྗེས། (Hyatt)་མགྲོན་ཁང་དུ་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་གསོལ་སྟོན་ཕུལ་ཡོད་པ་རེད།
རྡ་རམ་ས་ལའི་གནམ་ཐང་དུ་ཨ་རིའི་དམིགས་བསལ་འབྲེལ་མཐུད་པར་ཕེབས་བསུར་བཅར་མཁན་ཞ་ལུ་དགོན་པའི་དགེ་འདུན་པ་ཆོས་དབང་ལགས་ཀྱིས། ད་རེས་དམིགས་བསལ་འབྲེལ་མཐུད་པ་རྡ་རམ་ས་ལར་ཆེད་ཕེབས་གནང་སྟེ། ༧གོང་ས་མཆོག་དང་མཇལ་འཕྲད་གྲུབ་རྗེས་དམིགས་བསལ་བོད་དོན་རྒྱབ་སྐྱོར་སྔར་ལས་བཟང་དུ་འགྲོ་བའི་རེ་བ་བྱེད་བཞིན་པ་གསུངས་བྱུང་ལ། ཡང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་ཀྱིས། དམིགས་བསལ་འབྲེལ་མཐུད་པས་ད་རེས་གཟིགས་སྐོར་འདིའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་ཇེ་ཆེར་དང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཐད་ཕན་ཐོགས་ཡོང་བར་རེ་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཚེས་༡༩ཉིན་གྱི་མཛད་འཆར་གཙོ་བོ་ནི་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་དེ་ཡིན་ཞིང་། དེའི་རྗེས་རྡ་ས་བོད་ཁྱིམ་དང་ནོར་གླིང་། རྒྱུད་སྟོད་གྲྭ་ཚང་བཅས་སུ་གཟིགས་ཞིབ་ཀྱི་རྗེས། ཨ་མི་རི་ཀའི་རོགས་ཚོགས་ཀྱི་སློབ་ཡོན་ཐོབ་པའི་གཞོན་སྐྱེས་ཁག་ཅིག་ཏུ་ལྷན་བགྲོ་གླེང་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
ལྕམ་ཨུཛ་ར་ཛི་ཡ་ད་རེས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་པ་འདི་ནི། ཕྱི་ལོ་༢༠༡༧ ལོར་སྐབས་དེ་དུས་ཀྱི་ཨ་རིའི་ཕྱོགས་འགལ་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སིས་སྣེ་ཁྲིད་འོག་ཆབ་སྲིད་ཤོག་ཁག་གཉིས་ཀའི་འཐུས་མི་ཡོད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པའི་རྗེས་ཨ་རིའི་གཞུང་གི་གནད་ཡོད་དཔོན་ཪིགས་ཤིག་རྡ་རམ་ས་ལར་ཕེབས་པ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
ད་རེས་ཁོང་བཞུགས་སྒར་རྡ་རམ་ས་ལར་གཞུང་དོན་འཚམས་གཟིགས་གནང་བ་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་གདན་ཞུ་ཕུལ་བ་ཞིག་ཡིན་འདུག

གསར་འགོད་པ། བློ་བྷེ་དང་བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།