རྒྱ་ནག་གཞུང་གིས་བོད་ལ་དབྱིན་ཡིག་གི་(Tibet)་ཞེས་བའི་མིང་འགྱུར་བ་གཏོང་ཐབས་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་།
ཉེ་ལམ་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་རྒྱལ་ཁབ་ཁག་གི་ལྷན་ཚོགས་༼ཧི་མ་ལ་ཡ་བརྒྱུད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས།༽ཞེས་པ་ཐེངས་གསུམ་པ་དེ་ཟླ་བ་འདིའི་སྤྱི་ཚེས་༤དང་༥བཅས་ཉིན་གྲངས་གཉིས་ཀྱི་རིང་བོད་ཀྱི་ཉིང་ཁྲི་ཁུལ་དུ་བསྐོང་ཚོགས་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wangyi)་གླེང་སྟེགས་དེར་མཉམ་ཞུགས་ཀྱིས་གཏམ་བཤད་སྤེལ་བའི་ནང་དོན་དང་འབྲེལ། རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ནང་བོད་ཅེས་པའི་དབྱིན་ཡིག་གི་ཐ་སྙད་(Tibet)་དེ་(Xizang)་ཞེས་པར་བསྒྱུར་ཡོད་པ་རེད། སྤྱི་ཚེས་༡༠ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྤྱི་སྟེགས་སོགས་སུ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆར་བོད་ལ་དབྱིན་ཡིག་གི་ཐ་སྙད་དུ་(Xizang)་ཞེས་བྲིས་ཡོད་པ་ལས་རྒྱལ་སྤྱིའི་ཐོག་ནས་བེད་སྤྱོད་བྱེད་བཞིན་པའི་(Tibet)་ཞེས་བྲིས་མེད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དང་འབྲེལ། (Tibet)་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ས་ཁམས་ཁྱབ་ཁོངས་སོགས་ལ་ངོས་འཛིན་བྱེད་རྒྱུར་གོ་ནོར་ཐེབས་ཀྱི་ཡོད་ལུགས་དང་། བོད་ཅེས་པའི་དབྱིན་ཡིག་གི་ཐ་སྙད་(Xizang)་ཞེས་པར་བསྒྱུར་བ་འདིས། རྒྱ་ནག་གིས་བོད་ཀྱི་གནད་དོན་ཐད་སྐད་ཆ་ཤོད་དབང་ལ་ཕན་ཐོགས་ཡོད་ལུགས་སོགས་བཀོད་འདུག
རྩ་བའི་གནད་དོན་འདི་ནི་ཉེ་སྔོན་སྤྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གཞུང་གིས་གོ་སྒྲིག་འོག་པེ་ཅིང་དུ་ཚོགས་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་བདུན་པ་ཟེར་བའི་ཐོག་མཉམ་ཞུགས་བྱས་པའི་རྒྱ་ནག་གཞུང་འབྲེལ་གྱི་ཆེད་མཁས་པ་ཚོས་བོད་ལ་དབྱིན་ཡིག་གི་ཐ་སྙད་(Tibet)་ཞེས་པ་དེ་བོད་ལྗོངས་ཏེ་(Xizang)་ཞེས་པར་བསྒྱུར་དགོས་པའི་གླེང་སློང་ཤུགས་ཆེ་བྱས་ཡོད་པ་རེད། གནས་ཚུལ་འདིའི་ཐད་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་རྩ་བའི་ང་ཚོ་བོད་ལ་མི་རིགས་གཞན་གྱི་སྐད་རིགས་མི་འདྲ་བའི་ནང་དུ་འབོད་སྟངས་མི་འདྲ་བ་ཡོད་མོད། ཡིན་ནའང་ད་རེས་རྒྱ་ནག་གཞུང་གིས་འདི་ལྟར་བསྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་པ་འདིའི་རྒྱབ་ཏུ་ཆབ་སྲིད་ཀྱི་དམིགས་ཡུལ་ཆེན་པོ་ཞིག་བཟུང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་རིགས་འདིའི་ཆབ་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཟེར་བཞིན་པ་མཚོན་ཐབས་བྱེད་གྱི་ཡོད་ལ། བོད་(Tibet)་ཅེས་པའི་མི་རིགས་འདིའི་མིང་རྒྱལ་སྤྱིའི་སྒང་ནས་མེད་པ་བཟོ་རྒྱུའི་ཧམ་སེམས་མཚོན་ཡོད་པ་གསུངས་བྱུང་།
སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་མུ་མཐུད་དུ། རྒྱ་ནག་གིས་བརྗོད་པའི་(Xizang)་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་མ་གཏོགས་གོ་གི་མེད། ཡིན་ནའང་ང་ཚོས་བོད་ཟེར་དུས་བོད་རང་སྐྱོང་ལྗོངས་དང་། བོད་རིགས་རང་སྐྱོང་ཁུལ་གཞན་བཅས་ཚང་མ་ལ་གོ་གི་ཡོད་པས། བོད་ལ་རྒྱལ་སྤྱིའི་ཐོག་ནས་སྔར་ནས་ད་བར་འབོད་པའི་དབྱིན་ཡིག་གི་ཐ་སྙད་(Tibet)་ཞེས་པའི་ཚབ་ཏུ་རྒྱ་ནག་གི་བརྗོད་པའི་བོད་ལྗོངས་ཏེ་(Xizang)་ཞེས་པར་འགྱུར་བ་བཏང་ན། བོད་ཀྱི་ས་ཁྱོན་ཀྱི་གསུམ་ཆ་གཅིག་ཙམ་ལས་མེད་པ་བཟོ་གི་ཡོད་པས་དེ་ངེས་པར་དུ་འགོག་ཐབས་བྱེད་དགོས་བ་རེད་ལ། བོད་མིའི་སྒྲིག་འཛུགས་སོགས་ཀྱི་ངོས་ནས་ས་ཁྲའི་ཐོག་ནས་བོད་ཅེས་པ་དེ་གསལ་པོ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཡང་འགྲེལ་བརྗོད་གནང་སོང་།
གཞན་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ནང་གི་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་བོད་ནང་མགྲོན་འབོད་བྱས་པའི་སྐབས་སུ་ཡང་། བོད་ཀྱི་མིང་ལ་དབྱིན་ཡིག་ཏུ་(Tibet)་ཞེས་པའི་ཚབ་ཏུ་(XiZang)་ཞེས་བཀོད་ཡོད་པ་སྐབས་དེར་རོའུ་ཀྲར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག་ལ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་། ད་རེས་རྒྱ་ནག་གིས་འདི་ལྟར་འགྱུར་བ་བཏང་དོན་ནི་ཆབ་སྲིད་རང་ལ་དམིགས་པ་ཞིག་ཡིན་ཞིང་། དེ་ཡང་བོད་དུམ་བུ་བགོས་ནས་དབང་བསྒྱུར་བྱེད་རྒྱུའི་ཐབས་ལམ་དང་བོད་ཅེས་པ་བོད་རང་སྐྱོང་ལྗོངས་གཅིག་པུ་ལ་གོ་དགོས་པ་བཟོ་རྒྱུ་ཆེད་དུ་ཡིན་ཞིང་། རྒྱ་ནག་གི་ག་རེ་བྱེད་མིན་ལ་མ་བལྟོས་པར་གཙོ་བོ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་གནོན་ཤུགས་རྗེས་སུ་འགྲོ་མིན་དེ་གནད་འགག་ཆགས་ཡོད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།