དབོན་སྟོད་ཁུལ་ནས་བོད་མི་༡༠༠༠ལྷག་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཁྲོད་ནས་མི་གྲངས་༤༠ཙམ་གློད་གྲོལ་བཏང་འདུག

2024.02.27
དབོན་སྟོད་ཁུལ་ནས་བོད་མི་༡༠༠༠ལྷག་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཁྲོད་ནས་མི་གྲངས་༤༠ཙམ་གློད་གྲོལ་བཏང་འདུག རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

བོད་ནས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་མ་བརྗོད་པའི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། ཕྱི་ཟླ་༢ ཚེས་༢༢ནས་བཟུང་དབོན་སྟོད་དགོན་པའི་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བྱས་པའི་ཁྲོད་ནས་དགེ་འདུན་པ་༢༠ཙམ་ཕྱི་ཚེས་༢༦གཟའ་ཟླ་བའི་ཉིན་གློད་གྲོལ་བཏང་འདུག་ལ། ཕྱི་ཚེས་༢༧ཉིན་གྱི་དགོང་དྲོ་མི་༢༠ཙམ་སླར་ཡང་གློད་གྲོལ་བཏང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་པར་གཞིགས་ན། བོད་མི་དེ་དག་གློད་གྲོལ་བཏང་དོན་གཙོ་བོ་ནི། སྐམ་ཐོག་གློག་ཁང་གི་ལས་གཞི་མཚམས་འཇག་ཡོང་རྒྱུར་བོད་མི་ཚོས་ངོ་རྒོལ་ཞུ་འབོད་བྱས་པ་དང་། བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱིའི་ཡུལ་གྲུ་ཁག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཤུགས་ཆེ་ཐོན་བཞིན་པ་དེའི་རྐྱེན་གྱིས་ཡིན་པ་ངོས་འཛིན་བྱེད་བཞིན་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༢ཚེས་༢༢དང་ཚེས་༢༣ཉིན་གཉིས་རིང་འཛིན་བཟུང་རྗེས་འདྲི་རྩད་སྐབས་ཉེས་རྡུང་བཏང་སྟེ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་བའི་དགེ་འདུན་པ་ཁག་ཅིག་ཀྱང་ཕྱི་ཟླ་༢ཚེས་༢༨གཟའ་ལྷག་པའི་ཉིན་སྨན་ཁང་ནས་ཕྱིར་ལོག་གཏོང་རྒྱུ་ཡིན་པ་སོ་སོར་བརྡ་ཐོ་འབྱོར་འདུག འོན་ཀྱང་གློད་གྲོལ་བྱུང་བ་སུས་ཀྱང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༢༢ཉིན་ནས་དབོན་སྟོད་དགོན་པའི་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བྱས་རྗེས་དགོན་པའི་ནང་རྣམ་ཀུན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པ་བཟོས་འདུག་ལ། དགོན་པ་སོ་སོའི་དགེ་འདུན་པ་ཕན་ཚུན་འགྲོ་སྐྱོད་མི་ཆོག་པའི་དམ་དྲག་བྱེད་བཞིན་འདུག

Wonto.JPG
སྡེ་དགེ་དབོན་སྟོད་དགོན། ༼ཟླ་ཚེས་མི་གསལ པར། བོད་འབྱོར། མི་སེར་གསར་འགོད་པ།


དབོན་སྟོད་ཁུལ་དུ་སྐམ་ཐོག་གློག་ཁང་རྒྱག་རྒྱུའི་ལས་གཞི་འདི་ནི། རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་འཆར་འགོད་བྱས་པ་ཞིག་ཡིན་པར་བརྟེན་ལས་གཞི་མཚམས་འཇོག་ཧ་ལམ་བྱེད་མི་སྲིད་པ་ལྟ་བུ་ཡིན་པ་བོད་ནང་རྒྱ་ནག་གཞུང་གི་ལས་འཆར་དང་འབྲེལ་བའི་ཐད་རྒྱུས་མངའ་ཆེན་པོ་ཡོད་མཁན་བོད་ནང་གི་བོད་མི་ཞིག་གིས་ངོས་འཛིན་བྱེད་བཞིན་འདུག འོན་ཀྱང་ད་ཆ་དབོན་སྟོད་དགོན་པའི་དགེ་འདུན་པ་ཚོས་དགོན་པ་འདིའི་ནང་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་ལྡེབས་རིས་རྩ་ཆེ་མང་པོ་ཞིག་ཡོད་པ་དེ་དག་སྲུང་སྐྱོབ་བྱེད་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད་འདུག ད་དུང་བོད་མི་དེས་རྒྱ་ནག་གཞུང་གི་ངོས་ནས་བོད་པའི་དགེ་འདུན་པ་ཚོར་ཡ་ང་སྙིང་རྗེ་རྩ་བ་ནས་བྱེད་ཀྱི་མ་རེད་ལ། དགོན་པ་ཇི་ཆགས་ཀྱི་གནད་དོན་ཐད་སྣང་ཆུང་གཏོང་རྒྱུ་ངེས་པ་རེད། ཕྱི་ཕྱོགས་ནས་འདིའི་གནས་ཚུལ་བརྒྱུད་སྤེལ་དང་དོ་སྣང་ཤུགས་ཆེ་ཙམ་དགོས་ཀྱི་འདུག་ཅེས་བརྗོད་བྱུང་།

Dege County Map_Tibetan_Feb 28 (1).png
འབྲི་ཆུའི་རྒྱུད་དུ་གནས་སྤོར་དགོས་བའི་དཀའ་ངལ་འཕྲད་བཞིན་པའི་དགོན་སྡེ་དང་གྲོང་ཚོ། ༼The Tibet Map Institute སྒྲིག་བཟོ། བསྟན་འཛིན་པདྨ། ནོར་སྒྲོན། 
རྒྱ་ནག་གཞུང་གིས་སྡེ་དགེ་དབོན་སྟོད་ཁུལ་དུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་གནས་སྤོ་བྱེད་དགོས་སྐོར་བརྗོད་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་བར་ཤེས་རྟོགས་བྱུང་བའི་དགོན་པ་དྲུག་ནི། སྡེ་དགེ་ཁུལ་གྱི་དབོན་སྟོད་དགོན་དང་ཡེ་ན་དགོན། མཁར་མདོ་དགོན་བཅས་ཡིན་ཞིང་། ཡང་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་རབ་བརྟན་དགོན་དང་། དགོན་སར། བཀྲ་ཤིས་དགོན་བཅས་ཡིན་པ་རེད།
རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་དང་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་ཆེད་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པའི་གནས་ཚུལ་ཐད། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཚོགས་གཙོ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཚོགས་སྡེ་ཁག་མང་པོས་བློ་འཚབ་ཡོད་པ་བསྟན་ཏེ་རྒྱ་ནག་ལ་སྐྱོན་བརྗོད་གནང་པ་དང་འབྲེལ། བཀག་ཉར་འོག་ཡོད་པའི་བོད་མི་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་རེད་འདུག

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥


གསར་འགོད་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣས་བོད་དོན་ཁྲིམས་ཡིག་དང་འབྲེལ་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎