བོད་ཀྱི་རྐང་སྤོལ་རུ་ཁག་ཞིག་ནེའུ་ཡོག་དུ་རྒྱལ་ཁབ་འདྲ་མིན་གྱི་འགྲན་བསྡུར་ནང་མཉམ་ཞུགས།

2022-01-24
Share
བོད་ཀྱི་རྐང་སྤོལ་རུ་ཁག་ཞིག་ནེའུ་ཡོག་དུ་རྒྱལ་ཁབ་འདྲ་མིན་གྱི་འགྲན་བསྡུར་ནང་མཉམ་ཞུགས། བོད་ཀྱི་རྐང་སྤོལ་རུ་ཁག་ཞིག་ནེའུ་ཡོག་དུ་རྒྱལ་ཁབ་འདྲ་མིན་གྱི་འགྲན་བསྡུར་ནང་མཉམ་ཞུགས་སྐབས། ༠༡།༢༣།༢༢
TCNYNJ

ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྩེད་རིགས་སྡེ་ཚན་གྱི་ཁྱབ་ཁོངས་འོག་ལ་ཡོད་པའི་བོད་ཀྱི་རྐང་རྩེས་སྤོ་ལོ་རུ་ཁག་གིས། འདི་ཚེས་༢༣་ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་(Randall’s Island)་རོན་ཌལ་སུ་ཨཡེ་ལེན་ཊི་ཞེས་པའི་རྩེད་ཐང་དུ། (Yemen FC)་ཡེ་མིན་རྐང་སྤོལ་རུ་ཁག་དང་མཉམ་འགྲན་བསྡུར་བྱས་ཡོད་པ་དང་། འགྲན་བསྡུར་དེ་བརྒྱུད་ནས་བོད་ཀྱི་རྐང་སྤོལ་རུ་ཁག་དེས་བོད་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་ཐོག་ནས་རྒྱལ་ཁབ་འདྲ་མིན་གྱི་རྩེད་འགྲན་རུ་ཁག་སུམ་ཅུ་ལྷག་དང་མཉམ་དུ་(Cosmoplitan Soccer league)་ཞེས་པའི་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་ད་རེས་ཐེངས་དང་བོ་ཡིན་པ་རེད་འདུག
བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་དེའི་འགན་འཛིན་བསྟན་འཛིན་འཇིགས་མེད་ལགས་ཀྱིས། རྐང་རྩེད་སྤོ་ལོ་རུ་ཁག་གི་འགན་འཁུར་གནང་མཁན་ཚོས་ལོ་ཤས་སྔོན་ནས། རྩེད་འགྲན་འདིའི་ནང་ཞུགས་ཐུབ་ཐབས་སུ་རྩེད་འགྲན་པ་བསྡུ་ལེན་དང་། མཉམ་ཞུགས་བྱེད་རྒྱུར་གྲ་སྒྲིག་མང་བོ་བྱས་ནས་ད་ཐེངས་དངོས་སུ་རྒྱལ་ཁབ་འདྲ་མིན་གྱི་ཚབ་མཚོན་རང་བཞིན་གྱི་ཨ་རིའི་རྐང་སྤོལ་རྩེད་འགྲན་ནང་དངོས་སུ་འགྲན་ཞུགས་ཐུབ་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ངོ་བོ་མཚོན་པའི་ཐོག་ནས་མཉམ་ཞུགས་ཐུབ་པས་དགའ་སྤོབས་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་སྒང་སྣེ་ཡེ་ཤེས་འཇིགས་མེད་ལགས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་འོག་ལ་ཡོད་པའི་བློ་གསལ་སྐྱེད་ཚལ་གྱི་སློབ་གྲྭ་དང་། ཆོལ་གསུམ་ཟློས་གར། རྩེད་རིགས་སྡེ་ཚན་བཅས་གསུམ་ཡོད་པ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པས་བོད་རིགས་གཞོན་སྐྱེས་རྩེད་མོ་ལ་དགའ་མཁན་ཚོར་རྒྱབ་སྐྱོར་བྱས་ནས་རྩེད་མོའི་རིགས་ལ་གོ་སྐབས་ཐོབ་འཇུག་རྒྱུ་དེ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཀྱི་རུ་ཁག་ནང་ནིའུ་ཡོག་ཏུ་ཡོད་པའི་བོད་རིགས་རྐང་སྤོལ་རྩེད་མཁན་རུ་ཁག་མང་བོ་ཡོད་པའི་ཁྲོད་ནས་རྩེད་མོ་ཡག་པོ་རྩེད་མཁན་མི་གྲངས་༢༦་བདམས་ནས། ད་ཐེངས་ཀྱི་རྩེད་འགྲན་ལ་མཉམ་ཞུགས་བྱས་ཡོད་པ་དང་། (Cosmoplitan Soccer league)་ཞེས་པའི་རྩེད་འགྲན་འདི་ཐོག་མར་༡༩༢༣་ལོར་འགོ་བཙུགས་ནས་ད་བར་ལོ་རེ་བཞིན་འགྲན་བསྡུར་བྱེད་བཞིན་པ་ལྟར། བོད་ཀྱི་རུ་ཁག་གིས་ད་དུང་ཐེངས་གཉིས་རུ་ཁག་གཞན་དང་མཉམ་དུ་འགྲན་བསྡུར་གྱིས་རྒྱལ་ཁ་ཐོབ་ན་མུ་མཐུད་དུ་མཐའ་མའི་འགྲན་བསྡུར་བར་ཞུགས་ཆོག་གི་ཡོད་པ་རེད་འདུག

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།