གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་ཞིབ་འཇུག་གནང་འགོ་ཚུགས་འདུག

2022.06.02
Share on WhatsApp
Share on WhatsApp
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་ཞིབ་འཇུག་གནང་འགོ་ཚུགས་འདུག གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཐད་རྟོག་ཞིབ་གནང་མཁན་ཞིབ་འཇུག་ཚོགས་ཆུང་། ༠༦།༠༢།༢༠༢༢
@TPiE

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་མང་སྤྱི་འཐུས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་གྲོས་ཆོད་ཨང་༢༠༢༢།༡༧།༣།༢༦དང་། ཡིག་ཆ་ཨང་༢༦པའི་དགོངས་དོན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་བཟང་དུ་བཏང་ནས་གཞན་བརྟེན་གྱི་བསམ་བློ་དོར་ཏེ་རང་ཁ་རང་གསོ་ཐུབ་སླད་དངུལ་ཁང་ལྟ་བུའི་ཁེ་ཡོད་དཔལ་འབྱོར་སྡེ་ཚན་ནམ་སྒྲིག་འཛུགས་ཤིག་དཔལ་འབྱོར་ལས་ཁུངས་ཀྱིས་འགན་བཞེས་ཆེད་འཛུགས་གནང་ཡོད་ཀྱང་། ད་ཆ་དེའི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་ཆེད། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། དཔལ་འབྱོར་རིག་པར་མཁས་བ་སྐུ་ཞབས་རཱ་ཧུལ་ཇོ་ཤི་(Rahul Joshi)་བཅས་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་འདི་ཚེས་༢ཉིན་ཞིབ་འཇུག་གི་ལས་དོན་འགོ་འཛུགས་གནང་ཡོད་པ་དང་། ཚོགས་ཆུང་གི་རྟོག་ཞིབ་སྙན་ཐོ་དེ་བཞིན་བོད་མི་མང་སྤྱི་འཐུས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་༤པའི་གོང་དུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་ཀྱི་ཡོད་པར་སོང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་སུ་ཁ་པར་གྱི་ལམ་ནས་གོང་གི་གནས་ཚུལ་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་ཆ་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་རྟོག་ཞིབ་གནང་གི་ཡོད་ཙང་། དེའི་ཐད་བཤད་བདེ་བོ་མི་འདུག་ཅེས་བཅར་འདྲི་དྭངས་ལེན་གནང་མ་སོང་།

Tibetan Parliament-in-Exile1.jpg
ཉེ་ལམ་སྤྱི་ཟླ་༣པའི་ནང་ཚོགས་པའི་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་སྡོམ་དང་དེར་བགྲོ་གླེང་གནང་སྐབས། བཀའ་ཤག་གོང་མས་བཙུགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་དུ་གནས་དཀའ་བའི་གནས་སུ་ཡོད་པའི་གནས་སྟངས་ཐད་བགྲོ་གླེང་མང་པོ་བྱུང་བ་དང་། དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཀྱིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་མ་རྩ་སྒོར་འབུམ་བདུན་བརྒྱ་དྲུག་ཅུ་ཙམ་ལས་མེད་པར་འགྲོ་སོང་ད་བར་འབུམ་བཞི་བརྒྱ་བརྒྱད་ཅུ་ལྷག་བཏང་ཟིན་འདུག་པ་སོགས་ལ་བལྟས་ན་མ་འོངས་བར་ཁེ་ལས་ཉེན་ཁ་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེ་མུ་མཐུད་དུ་མཇུག་སྐྱོང་བར་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་ནས་ལམ་སྟོན་ཞིག་གནང་ཚེ་ལས་གཞི་མཇུག་སྐྱོང་གནང་རྒྱུ་ཡིན་པ་གསུངས་རྗེས། བགྲོ་གླེང་རིམ་པ་བྱས་བ་བརྒྱུད། གྲོས་ཚོགས་ལས་ཉིན་མཐའ་མ་དེར་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ། རྒྱུན་མཐུད་ལས་དོན་བྱེད་ཐུབ་མིན་སྐོར་ལ་གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་པར་དགག་པ་རྒྱག་མཁན་སྤྱི་འཐུས་༡དང་། རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༣༣བྱུང་ནས་མང་མོས་ཀྱི་ཐོག་ནས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་བཞག་པ་ལྟར་ད་རེས་ཞིབ་འཇུག་ཚོགས་ཆུང་བཙུགས་ཡོད་པ་རེད།

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་རིམས་ནད་ཁྱབ་གདལ་དང་འབྲེལ་བོད་མི་ཚོས་༧གོང་ས་མཆོག་ལ་སྐྱབས་མཇུག་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་མང་དག་ཅིག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎