ཆབ་སྲིད་བཙོན་ཟུར་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་ཉེ་ལམ་ལྷ་སར་སྐུ་གཤེགས་འདུག

2022.03.24
Share on WhatsApp
Share on WhatsApp
ཆབ་སྲིད་བཙོན་ཟུར་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་ཉེ་ལམ་ལྷ་སར་སྐུ་གཤེགས་འདུག ཆབ་སྲིད་བཙོན་ཟུར་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ། ༼ཟླ་ཚེས་མི་གསལ
མཐུན་འགྱུར་པར་རིས།/RFA

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཤག་རོང་པོ་ནས་ཡིན་པ། དེ་སྔ་ཕྱི་ལོ་༢༠༡༠ལོར་རྒྱ་ནག་གཞུང་གིས་རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ཀྱི་སྐོར་ལ་༧གོང་ས་མཆོག་དང་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ཏེ་ལོ་བདུན་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་བ། ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་གི་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་དགུང་གྲངས་༨༦སྟེང་། བོད་ཀྱི་རྒྱལ་ས་ལྷ་སའི་རང་ཤག་ཏུ་ཉེ་ལམ་ཕྱི་ཟླ་༡ཚེས་༣༠ཉིན་སྐུ་གཤེགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་གི་སྐུ་གདུང་ཕྱིར་དགོན་པར་གདན་འདྲེན་དང་ཡུལ་མི་ཚོར་གདུང་མཇལ་སོགས་ཀྱི་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། ཟླ་བ་རིན་པོ་ཆེ་ལགས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༥དང་སྐར་མ་༡༠ཙམ་སྟེང་སྐུ་གཤེགས་ཡོད་པ་དང་། སྐུ་གཤེགས་རྗེས་ཉིན་གྲངས་༡༤རིང་ཐུགས་དམ་ལ་བཞུགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གསང་རྒྱ་དམ་པོའི་ངང་དགོངས་པ་རྫོགས་པའི་སྐོར་དྲྭ་ལམ་དུ་གང་བྱུང་རྒྱུད་སྤེལ་བྱེད་མི་ཆོག་ཅེས་བཤད་ཡོད་པ་མ་ཟད། མི་མང་གིས་དྲྭ་ངོས་སུ་བཞག་པའི་པར་རིས་དང་བརྙན་ཐུང་ཡོངས་རྫོགས་ནག་བསུབ་བཏང་ཡོད་འདུག་ལ། ཕྱི་ཚེས་༡༣ཉིན་ཐུགས་དམ་ལས་གྲོལ་རྗེས་དད་ལྡན་སེར་སྐྱ་མི་མང་ནས་སྐུ་གདུང་མཇལ་ཁ་གཏོང་དགོས་པའི་རེ་བ་ཞུས་ཀྱང་། རྒྱ་ནག་གི་ལྟ་སྲུང་ཉེན་རྟོག་པ་དང་ཆེད་མངགས་ལས་བྱེད་པས་སྐུ་གདུང་མཇལ་ཁ་གཏོང་ཆོག་འོན་ཀྱང་ལྷ་སར་གནས་སྡོད་བྱེད་མཁན་མ་གཏོགས་ས་གནས་གཞན་ནས་མི་སུ་གཅིག་ཡོང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་སྐོར་བརྗོད་བྱུང་།
གཞན་ཡང་མི་མང་གིས་རེ་སྐུལ་ཡང་ཡང་ཞུས་པ་བཞིན། ཕྱི་ཚེས་༡༨ཉིན་ལྷ་ས་ནས་སྐུ་གདུང་ཕྱིར་ནག་ཆུ་ས་ཁུལ་ཤག་རོང་པོ་དགའ་ལྡན་དར་རྒྱས་གླིང་དགོན་དུ་གདན་འདྲེན་ཞུ་བཅུག་ཡོད་ན་ཡང་། སྐབས་དེར་རྒྱ་ནག་གཞུང་གིས་དགོན་པ་དང་བླ་བྲང་གི་རླངས་འཁོར་རེ་རེ་མ་གཏོགས་ཡོང་བཅུག་མེད་པ་དང་། ཡུལ་མི་ཚོར་སྐུ་གདུང་ཕེབས་བསུ་གང་ཡང་བྱེད་བཅུག་མེད་པ་མ་ཟད། མི་ཁག་ཅིག་མ་གཏོགས་སྐུ་གདུང་མཇལ་ཁ་བཏང་མེད་སྟབས། སྐབས་དེར་སྐུ་གདུང་མཇལ་ཁ་ཞུ་མཁན་མི་མང་པོ་འཛོམས་ནས་མཇལ་ཁར་གཏོང་དགོས་སྐོར་བརྗོད་ནས། མི་མང་དང་ཉེན་རྟོག་པའི་བར་རྩོད་རྙོག་བྱུང་གྲབས་བྱས་སྐབས་དགོན་པའི་གྲྭ་བ་ཞིག་གིས་མི་མང་ལ་སེམས་གསོ་བྱས་ཏེ་མི་མང་རྣམས་སོ་སོའི་སར་སོང་ཡོད་པ་དང་། ཕྱི་ཚེས་༢༥ཉིན་སྐུ་གདུང་ཞུགས་འབུལ་བྱེད་སྐབས་ཀྱང་དགོན་པའི་ནང་དུ་ཡོད་པའི་གྲྭ་བ་མ་གཏོགས་ཕྱི་ནས་མང་ཚོགས་སུ་ཞིག་ཡོང་མི་ཆོག་པ་བཀག་སྡོམ་བྱས་ཐོག དེར་ཡོད་གྲྭ་བ་རྣམས་ཀྱིས་ཁ་པར་དང་པར་ཆས་འཁྱེར་མི་ཆོག་ཟེར་ནས་ལུས་བཤེར་རིགས་བྱས་ཡོད་འདུག

dawa-1.jpeg
མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་ལགས་ནི། ཕྱི་ལོ་༡༩༣༧ལོར་མདོ་ཁམས་ནག་ཆུ་ས་ཁུལ་རུ་གསར་རུ་ཡབ་བཙན་མགོ་ཡང་མགོན་བླ་དགའ་དང་ཡུམ་མཚོ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༦༠ལོར་རྒྱ་ནག་གིས་བོད་ལ་དབང་བསྒྱུར་དང་འབྲེལ་རྒྱ་ལ་ཁ་གཏད་དུ་ལངས་སྐོར་བརྗོད་ནས་འཛིན་བཟུང་གིས་ལོ་༥རིང་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྗེས་སུ་རིག་གསར་སྐབས་སུ་ལས་མི་རུ་ཁག་ཟེར་བ་དེའི་ནང་ནས་སླར་ཡང་འཛིན་བཟུང་བྱས་ཏེ་འཐབ་རྩོད་མནར་གཅོད་དང་འབྲེལ་ལོ༧བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༠ཉིན་རྒྱ་ནག་གཞུང་གིས་ཤག་རོང་པོ་ཁུལ་དུ་ལྔ་ཉི་ཤུའི་དོན་རྐྱེན་ཟེར་བའི་འོག རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ཀྱི་སྐོར་ལ་༧གོང་ས་མཆོག་དང་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་གིས་ལོ༧བཙོན་འཇུག་ཁྲིམས་ཐག་བཅད་རྗེས་གློད་གྲོལ་བྱུང་ཡོད་ན་ཡང་། མི་ཚེ་གང་བོར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་ལྟ་རྟོག་འོག་བཞག་སྟེ་བཟང་བཙོན་ལྟ་བུར་བཞུགས་དགོས་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།