བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་ཅིག་གི་ནང་གྲྭ་བཙུན་དགེ་རྒན་ཡོད་མི་ཆོག་པ་སོགས་དམ་དྲག་སྟངས་འཛིན་བྱེད་བཞིན་འདུག

2021-12-09
Share
བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་ཅིག་གི་ནང་གྲྭ་བཙུན་དགེ་རྒན་ཡོད་མི་ཆོག་པ་སོགས་དམ་དྲག་སྟངས་འཛིན་བྱེད་བཞིན་འདུག མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཞིག་གི་ནང་རྒྱ་ནག་གི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་འདི་ལོའི་ལོ་འགོ་ནས་བཟུང་། བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་བཅུག་པ་དང་། སློབ་གྲྭ་ཁག་སྤྱི་ཡོངས་ནས་རྒྱ་ཡིག་རྒྱ་སྐད་གཙོ་འདོན་གྱིས་སློབ་ཁྲིད་ཐབས་ལམ་འཐེན་བཞིན་ཡོད་པ་ལྟར། འདི་ལོའི་སྟོན་དུས་ཕྱི་ཟླ་༩་པ་ནས་དགུན་དུས་ཕྱི་ཟླ་༡༢་བར་རྒྱ་ནག་གི་དགུན་ཁའི་སློབ་སྐབས་ཟེར་བ་དང་བསྟུན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་བོད་པའི་སྒེར་གཉེར་སློབ་གྲྭ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དང་། རྟ་བྲག་སྒེར་གཉེར་སློབ་གྲྭ་གཙོས་སྒེར་གཉེར་སློབ་གྲྭ་ཁག་ཅིག་གི་ནང་། རྒྱ་ནག་གཞུང་གིས་བསྒྲགས་པའི་སློབ་གསོ་འདྲ་མཉམ་དང་རྒྱ་སྐད་ཁྱབ་གདལ་ཟེར་བའི་ལས་གཞིའི་འོག་ནས། བོད་ཡིག་གཙོ་ཁྲིད་མི་ཆོག་པ་དང་གྲྭ་བཙུན་དགེ་རྒན་ཡོད་མི་ཆོག་པ། ནང་ཆོས་སློབ་ཁྲིད་གནང་མི་ཆོག་པ་སོགས། བཙན་ཐབས་ཀྱི་སྲིད་བྱུས་འདྲ་མིན་འོག་དམ་དྲག་བྱེད་བཞིན་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཅིག་གིས། འདི་ལོ་ནས་བོད་རིགས་སློབ་གྲྭ་ཁག་ཚང་མའི་ནང་རྒྱ་སྐད་ཁྲིད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་ཆབ་སྲིད་སློབ་གསོ་ཟེར་བ་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱེད་བཞིན་ཡོད་པ། ལྷག་པར་དུ་དགོན་པ་དང་གྲྭ་བས་གཙོ་གཉེར་བྱེད་བཞིན་པའི་བོད་ཡིག་དང་བོད་ཀྱི་རིག་གནས་སློབ་གཉེར་བྱེད་སའི་སྒེར་གཉེར་སློབ་གྲྭ་ཁག་ལ་དམ་དྲག་དང་ལྟ་རྟོག་ནན་མོ་བྱས་ནས། སློབ་གྲྭ་དེ་དག་ནང་ནོར་འཁྲུལ་རིགས་ཅུང་ཙམ་བྱུང་པ་ཙམ་གྱིས་ལག་པ་འཆང་རྐྱང་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ཉིན་རེ་བཞིན་གནས་ཚུལ་ག་རེ་བྱུང་མིན་ཐད་བློ་ཚབས་སྐྱེས་གཞི་ཞིག་ཏུ་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ནང་གི་འབྲེལ་ཡོད་བོད་མི་གཞན་ཞིག་གིས་ད་ལྟའི་ཆར་སྒེར་གཉེར་སློབ་གྲྭ་ཁག་ནང་ཁྲིམས་སྒྲིག་ཁག་ཅིག་བཙན་ཐབས་ཀྱིས་འཇོག་བཞིན་པ་ནི། རྒྱལ་ཁབ་གྱི་འགྲོ་ལུགས་ལྟར་ངེས་པར་འགྲོ་དགོས་པ། བོད་ཡིག་གཙོ་བོ་བཞག་སྟེ་སློབ་ཁྲིད་མི་ཆོག་པ། སློབ་དེབ་ཚང་མ་རིམ་པས་རྒྱ་ཡིག་ལ་བསྒྱུར་དགོས་པ། དགེ་སློབ་ཚང་མས་བསམ་བློ་གཏོང་ཕྱོགས་ངེས་པར་དུ་བསྒྱུར་དགོས་པ། དགེ་རྒན་གྲྭ་པ་ཡོད་མི་ཆོག་པ། བོད་ཡིག་གི་ལམ་ནས་ནང་ཆོས་སྐོར་དང་འབྲེལ་བ་ཡོད་པ་གང་བྱུང་ཁྲིད་མི་ཆོག་པ་སོགས་བཟོས་ཡོད་སྐོར་ཡིག་ཐོག་བརྒྱུད་བཏང་འབྱོར་བྱུང་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཕྱོགས་ཀྱི་སྒེར་གཉེར་སློབ་གྲྭ་ཁག་མང་ཆེ་ཤོས་འཛུགས་མཁན་དགོན་སྡེ་དང་གྲྭ་བཙུན་རིགས་ཡིན་པ་དང་། ལྷག་པར་དུ། རྭ་རྒྱ་ཤེས་རིག་སློབ་གླིང་སོགས་ལ་མཚོན་ན། དགེ་རྒན་མང་ཆེ་ཤོས་གྲྭ་བ་ཡིན་པ་རེད། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནི་བོད་ནང་གི་བོད་ཡིག་ཆེད་སྦྱོང་བྱེད་སའི་སློབ་གྲྭ་ཡག་ཤོས་གྲས་ཤིག་ཡིན་པ་དང་། བོད་ནང་གི་སྒེར་གཉེར་སློབ་གྲྭ་མང་ཤོས་ནང་བོད་ཡིག་གི་ལམ་ནས་བོད་ཀྱི་སྐད་ཡིག་ཙམ་མ་ཡིན་པར། དེང་རབས་ཤེས་བྱ་རིག་གནས་སོགས་གྲྭ་བཙུན་ཚོས་སློབ་ཁྲིད་གནང་བཞིན་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༧་ནང་རྒྱ་ནག་གཞུང་གིས་མགོ་ལོག་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་དོན་གཙོ་བོ་སློབ་གསོ་འདྲ་མཉམ་ཟེར་བའི་ལས་གཞི་དང་བསྟུན། བོད་ཡིག་བོད་སྐད་གཙོ་ཁྲིད་མི་ཆོག་སྐོར་བརྗོད་ནས་སྒོ་བརྒྱབ་ཡོད་པ་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ནས། རྒྱ་ནག་གཞུང་གིས་གཞུང་དང་སྒེར་གྱི་སློབ་གྲྭ་ཁག་གི་ནང་ཞི་ཅིན་ཕིན་གྱི་བསམ་བློ་སློབ་ཁྲིད་དང་། རང་སྟོབས་ཀྱིས་གོམས་གཤིས་ལ་འགྱུར་བ་གཏོང་དགོས་པ་སོགས་རྒྱ་ནག་གི་ཡུལ་སྲོལ་གོམས་གཤིས་ལ་བསྒྱུར་ཐབས་དང་། ཆོས་ལུགས་ཀྱི་གོམས་གཤིས་ངན་པ་མེད་པ་གཏོང་བ་ཞེས་བོད་མི་ཚོ་༧གོང་ས་མཆོག་ལ་དད་སེམས་དང་བོད་ཀྱི་ཆོས་དང་རིག་གཞུང་དང་རྩ་བ་ནས་འབྲེལ་བ་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༡་ལོ་ནང་རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་པའི་ཁྲོད། རྫ་སེར་ཤུལ་རྫོང་ནས་ཕན་བདེ་གཅེས་སྐྱོང་སློབ་གྲྭ། ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་སོགས་འཛིན་རིམ་དང་པོ་ནས་དྲུག་པ་བར་ཡོད་པའི་སློབ་གྲྭ་བཅུ་གྲངས་ཤིག་སྒོ་བརྒྱབ་ཡོད་པ་མ་ཟད། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ། དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱག་བཅུག་ཡོད་པ་རེད་ལ། གཞན་ཡང་འདི་ལོའི་ཕྱི་ཟླ་༡༠་ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་ཡང་འཛུགས་བསྐྲུན་ཚད་ལྡན་གྱི་ཡིག་ཆ་མེད་ཚུལ་བཤད་ནས་ཁང་པ་གཏོར་བཤིག་བཏང་དགོས་བྱུང་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།