བོད་ནང་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཀ་མི་རག་པའི་དཀའ་ངལ་མུ་མཐུད་དུ་ཡོད་འདུག

2021-11-19
Share
བོད་ནང་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཀ་མི་རག་པའི་དཀའ་ངལ་མུ་མཐུད་དུ་ཡོད་འདུག རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པ་ལྟ་སྐོར་དུ་ཁྲིད་སྐབས་ཕོ་བྲང་པོ་ཏཱ་ལའི་མདུན། ༦།༡།༢༡
AFP

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་གྱི་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཞུགས་ཀྱི་གོ་སྐབས་ཉུང་བ་ལས་སྤྲོད་བཞིན་མེད་སྟབས། བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཞུགས་དང་ལས་ཀ་མི་རག་པའི་དཀའ་ངལ་ཡོད་པ་བཞིན། ཕྱི་ཟླ་༡༡་ཚེས་༡༨་ཉིན་བོད་རང་སྐྱོང་ལྗོངས་ཟེར་བས་མི་མང་གི་ངོས་ནས་སྲིད་གཞུང་ལ་བསམ་ཚུལ་ཕུལ་བཅུག་པའི་ནང་བསམ་འཆར་འཕྲིན་ཡིག་༢༤༦་ཙམ་འབྱོར་ཡོད་པ་དང་། དེ་དག་གཙོ་བོ་ནང་དོན་མ་འདྲ་བ་བདུན་བཤད་ཡོད་ཀྱང་། དེ་དག་ཁྲོད་འཕྲིན་ཡིག་༧༠་སྟེ་མང་ཤོས་སློབ་ཆེན་ལས་ཞུགས་ཀྱི་གནད་དོན་ཡིན་སྐོར་བཀོད་ཡོད་འདུག
རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་བསྡུ་རུབ་ཟེར་བ་དེ། ཉེ་སྔོན་གསར་དུ་བསྐོ་བཞག་བྱས་པའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེན་ཟེར་བར་མི་མང་གི་ངོས་ནས་བསམ་ཚུལ་ཕུལ་སའི་སྟེགས་བུ་ཞིག་བསྐྲུན་པ་ཡིན་པ་དང་། བསམ་ཚུལ་དེ་དག་ནང་འཕྲིན་ཡིག་༧༠་ལྷག་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཞུགས་ཀྱི་གོ་སྐབས་ཉུང་བ་དང་། བོད་ཀྱི་གསོ་རིག་གཙོའི་ཆེད་ལས་རང་བཞིན་གྱི་ལས་ཀ་མི་རག་པ། ལས་ཞུགས་བྱེད་པར་ཚད་བཀག་ཡོད་པ་སོགས་ཀྱི་བསམ་ཚུལ་བཏོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་སྤེལ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་ལྗོངས་སློབ་ཆེན་མཐར་ཕྱིན་པ་ཞིག་གིས། བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཀ་རག་རྒྱུ་དཀའ་ལས་ཁག་པོ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང་། ཁོང་རང་ལ་མཚོན་ན་ཡང་སློབ་ཆེན་སློབ་མཐར་ཕྱིན་རྗེས་ལས་ཀ་མ་རག་པར་བསྡད་ཡོད་ཅེས་དང་། ཕྱི་ལོ་༢༠༡༨་ཙམ་ནས་གཞུང་ངོས་ནས་སློབ་ཆེན་མཐར་ཕྱིན་པ་ཚོ་ལས་ཞུགས་གྲངས་ཚད་མང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་། བོད་ནང་གི་ལས་རིགས་མང་པོ་ཞིག་ནང་ལོགས་ནས་ཡོང་བའི་རྒྱ་རིགས་ཚོས་བཟུང་ཡོད་སྟབས། བོད་རིགས་ཚོར་ལས་ཀ་མི་རག་པ་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།
སྤྱིར་བོད་རིགས་སློབ་མཐར་ཕྱིན་པ་ཚོར་དམིགས་བསལ་ལས་ཞུགས་ཀྱི་གོ་སྐབས་ཉུང་བའི་གནས་སྟངས་དེ། བོད་རང་སྐྱོང་ལྗོངས་ཙམ་མིན་པར་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་དབྱེ་བའི་བོད་ཀྱི་ས་ཁུལ་གཞན་ལ་ཡང་ལ་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། བོད་ནང་གི་འབྲེལ་ཡོད་བོད་མི་གཞན་ཞིག་ནས། དེ་སྔ་ཡིན་ན་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་བོད་ཁུལ་དུ་ཡོང་བ་ཡིན་ན། བོད་རིགས་ལོ་ཆུང་ཚོར་དགེ་རྒན་དང་གཞུང་ཞབས་ཀྱི་ལས་ཀ་རག་གི་ཡོད་ན་ཡང་། ལོ་ཤས་ནས་བཟུང་ས་ཁུལ་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་བྱུས་འོག་ནས་རྒྱ་རིགས་མང་པོ་བོད་ནང་ཡར་རྒྱས་གཏོང་བར་ཆེད་གཏོང་བྱེད་ཀྱི་ཡོད་སྟབས། ད་ལྟ་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཀ་རག་རྒྱུའི་གོ་སྐབས་ཧ་ཅང་ཉུང་བ་མ་ཟད། ལས་ཀ་ཞིག་རག་པ་ཡིན་ན་ལས་བྱེད་དངོས་གནས་མིན་པའི་མིང་ཐོག་ནས་ཉིན་གླ་ལྟ་བུ་བྱས་ཏེ་ཡོད་པ་དང་། བོད་རིགས་སློབ་ཆེན་མཐར་ཕྱིན་པ་མང་པོ་ཞིག་ལ་ལས་ཀ་མ་རག་པར་སྤྱི་ཚོགས་སྟེང་ལྷག་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡་ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སློབ་ཆེན་སློབ་མ་ཁྲི་༢.༩༧་ལྷག་ཟིན་ཡོད་པ་དང་། སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་ཐོག་མཐའ་བར་གསུམ་དུ་འགན་ལེན་ཡོང་བའི་ལས་འགན་ཨང་དང་པོར་བརྩིས་ཡོད་སྐོར་དང་། ཕྱི་ལོ་༢༠༢༠་ལོའི་སློབ་ཆེན་སློབ་མ་ཚང་མར་གཞུང་དང་སྒེར་གྱི་ལས་ཞུགས་གོ་སྐབས་ཐོབ་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། ཕྱི་ལོ་༢༠༡༩་ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་སློབ་ཐོན་པ་ཁྲི་བདུན་ཙམ་ཡོད་པའི་ནང་སློབ་མ་༢༡༠་ཙམ་ལས་འདེམས་སྒྲུག་བྱས་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཤེས་ཡོན་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ནས། རྒྱ་ནག་གཞུང་གིས་བོད་རིགས་ཚོར་ལས་ཀ་སྤྲད་པ་ཡིན་ན་རང་གི་ཆེད་ལས་སློབ་སྦྱོང་དང་འབྲེལ་བ་མེད་པར་ཁོ་རང་ཚོའི་ཁ་ལ་ཉན་ཐབས་དང་འོག་ལ་བཅུག་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོ་གཞུང་ཞབས་ཡིག་རྒྱུགས་ཁྲོད་ཞུགས་པར་དེ་སྔ་ནས་དབྱེ་འབྱེད་དང་ཆ་རྐྱེན་འདོན་པ་སོགས་བྱུང་གི་ཡོད་པ་དང་། འདི་ལོའི་ལོ་མགོར་རྒྱ་ནག་གཞུང་ཕྱོགས་ནས་བོད་རིགས་གཞུང་ཞབས་ལས་བྱེད་ཡིག་རྒྱུགས་ནང་ཞུགས་མཁན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས་བ་དང་། ཁ་བྲལ་ལ་ངོ་རྒོལ་དང་། ༧གོང་ས་མཆོག་ལ་མཚན་དམོད་བྱེད་དགོས་པའི་ཁར་རྒྱལ་ཁབ་གཅིག་གྱུར་སོགས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༡༩་ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པའི་ནུབ་བྱང་མི་རིགས་སློབ་ཆེན་ནང་སློབ་གཉེར་བྱེད་བཞིན་པ། སློབ་མ་བསོད་ནམས་ལགས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་བོད་རིགས་ཚོར་གཞུང་ཞབས་ཡིག་རྒྱུགས་ཀྱི་ས་མིག་ལོ་རེ་བཞིན་ཉུང་དུ་གཏོང་གི་ཡོད་པའི་རྩོམ་ཡིག་སྤེལ་བར་བརྟེན་འཛིན་བཟུང་བཀག་ཉར་ཀྱི་གནས་ཚུལ་སོགས་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།