བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བགྲེས་ཡོལ་དང་ལས་ཚབ་བསྐོ་བཞག་གནང་འདུག

2021.11.15
Share on WhatsApp
Share on WhatsApp
བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བགྲེས་ཡོལ་དང་ལས་ཚབ་བསྐོ་བཞག་གནང་འདུག ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ལགས།
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་སྤྱི་ཟླ་༡༡་ཚེས་༡༥་ཉིན་བགྲེས་ཡོལ་དུ་ཕེབས་པ་དང་བསྟུན། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་ཆེ་བ་ཞིག་གསར་དུ་ཁྲིམས་མཐུན་གྱི་དམ་འབུལ་མ་ཟིན་བར་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད་པ་རེད།

Pro tempore Chief Justice Commissioner Karma Dadul.jpg
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ལོ་ངོ་༣༧་ཙམ་རིང་དབུས་བོད་མིའི་སྒྲིག་འཛུགས་ནང་དམའ་རིམ་ནས་དྲུང་ཆེ་ཆུང་དང་། སྐུ་ཚབ་དོན་གཅོད། མཐར་ཁྲིམས་ཞིབ་པ་ཆེ་བ་སོགས་གཞི་ཡུལ་འདྲ་མིན་གྱི་ནང་ཞབས་ཕྱི་བསྒྲུབ་གནང་ཡོད་པ་རེད།
སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༡༠་པའི་ཚེས་༡༥་ཉིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཆེ་བའི་ལས་ཁུར་དམ་འབུལ་ཞུས་ཏེ་ད་བར་མི་ལོ་༢་ལྷག་རིང་ཁྲིམས་ཞིབ་པ་ཆེ་བའི་ཐུགས་འགན་བཞེས་ཡོད་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་ཁྲིམས་ཞིབ་པ་བྱས་པའི་ཉམས་མྱོང་གཞིགས་ན། ཆེས་མཐོའི་ཁྲིམས་ཞིང་ཁང་དང་འབྲེལ་བའི་ལས་དོན་ཐམས་ཅད་ཚད་དང་ལྡན་པ་ཞིག་ཡོང་བར་ངེས་པར་དུ་དེང་གི་ཁྲིམས་ཀྱི་སློབ་སྦྱོང་ཚན་ལྡན་ཡོད་པ་ཞིག་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་གི་འདུག
དྭགས་པོ་བསོད་ནམས་ནོར་བུ་ལགས་སྤྱི་ལོ་༡༩༩༣་ལོར་ཨ་རིར་གཞུང་འབྲེལ་སློབ་སྦྱོང་གནང་སྟེ་ཕྱིར་ཕེབས་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་འབྲེལ་མཐུད་ཀྱི་འགན་འཛིན་གྱི་ཐུགས་འགན་བཞེས་པའི་རིང་། དམིགས་བསལ་བོད་མིའི་སྒྲིག་འཛུགས་དང་རྒྱ་རིགས་བར་གྱི་འབྲེལ་ལམ་དེ་བཟང་དུ་ཕྱིན་ཡོད་པ་གསུངས་ཤིང་། བོད་དོན་བདེན་མཐའ་སེལ་བར་རྒྱ་རིགས་དང་འབྲེལ་བ་རྒྱ་སྐྱེད་མུ་མཐུད་དུ་བྱ་རྒྱུ་གལ་ཆེན་ཡིན་ཅེས་དང་། ཁོང་གིས་ད་བར་བོད་དོན་ཆེད་ཞབས་ཞུ་ཧུར་ཐག་ཞུས་ཡོད་པས་འགྱོད་པ་སྐྱེས་དགོས་པའི་གནས་གང་ཡང་བྱུང་མེད་པ་ལ། ད་རེས་ཁྲིམས་ཞིབ་པ་ཆེ་བའི་ལས་གནས་ནས་རྒན་ཡོལ་ཞུས་ཟིན་ཡོད་ཀྱང་། འབྱུང་འགྱུར་གཞུང་གི་ལས་ཀ་ཡོད་མིན་ལ་མ་ལྟོས་པར། བོད་དོན་ཆེད་དུ་མུ་མཐུད་རང་ནུས་གང་ཡོད་ཀྱིས་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ་གསུངས་བྱུང་།
དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕྱི་ལོ་༢༠༠༢་ནས་༢༠༠༨་བར་དམིགས་བསལ་སྐུ་ཚབ་འདས་པོ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་། དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དབུ་ཁྲིད་པའི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ནང་དུ་ཡོད་སྐབས། རྒྱ་ནག་གཞུང་གི་སྐུ་ཚབ་དང་མཇལ་མོལ་གྱི་ལས་དོན་ཚང་མའི་ནང་མཉམ་ཞུགས་གནང་ཡོད་པ་རེད།
གཞན་ཡང་ཁོང་གིས་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དང་། ལྡི་ལིའི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་སོགས་ཀྱི་ཐུགས་འགན་བཞེས་ཡོད་འདུག
དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་ཐུགས་འགན་བཞེས་པའི་སྐབས། སྐབས་༡༦་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བར་རྙོག་གླེང་རིམ་པར་བྱུང་ཏེ་མཐར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱིས་ཁྲིམས་ཞིབ་པ་གསུམ་ཀ་ཕྱིར་ཕུད་གཏོང་རྒྱུའི་གྲོས་ཆོད་ཡིག་ཆ་ཨང་༣༩་ཟེར་བ་ཞིག་བཞག་ཡོད་པ་དང་། རྗེས་སུ་གྲོས་ཆོད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་མིན་རྙོག་དྲ་ཆེན་པོ་བྱུང་ཞིང་། སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱང་ཚོགས་མ་ཐུབ་པར་ཟླ་བ་འགས་ཤས་ལུས་ཡོད་པ་རེད།
མཐར་བདམས་ཐོན་སྤྱི་འཐུས་ཡོངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་སྙན་ཞུ་སྒྲོན་འབུལ་ཞུས་འབྲས་སུ་གྲོས་ཚོགས་ཚུགས་ཐུབ་པ་བྱུང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།