དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ།

2024.02.24
དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ། དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ་དང་འདྲི་རྩད་བྱེད་སྐབས་ཉེས་རྡུང་བཏང་སྟེ་སྨན་ཁང་ལ་བསྐྱལ་དགོས་པའི་གནས་ཚུལ་ཡང་བྱུང་འདུག
མི་སེར་གསར་འགོད་པ།

དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ་དང་། འདྲི་རྩད་བྱེད་སྐབས་ཉེས་རྡུང་བཏང་སྟེ་སྨན་ཁང་ལ་བསྐྱལ་དགོས་པའི་གནས་ཚུལ་ཡང་བྱུང་འདུག འཇུ་བཟུང་བྱས་པའི་མི་ཁག་ཅིག་དབོན་པོ་སྟོད་ཀྱི་ཉེན་རྟོག་ལས་ཁུངས་སུ་བཅུག་པ་དང་། མི་མང་ཆེ་བ་སྡེ་དགེ་རྫོང་གི་བཙོན་ཁང་རྙིང་པ་ཞིག་ལ་བཅུག་ཡོད་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཤེས་རྟོགས་བྱུང་བར་གཞིགས་ན། བོད་མི་བཀག་ཉར་བྱེད་སར་ཆུ་ཁོལ་སྤྲད་པ་ལས་ཟ་མ་སྤྲད་ཀྱི་མེད་པས། འཛིན་བཅུག་བྱས་ཏེ་ཉིན་གཉིས་རིང་ཟ་མ་མེད་པར་དྲན་མེད་དུ་བརྒྱལ་བ་ཡང་བྱུང་འདུག་ལ། ད་ལྟ་དགུན་དུས་གནམ་གཤིས་གྲང་བའི་དུས་ཚོད་ཡིན་པས་བཙོན་ཁང་ནང་ཧ་ཅང་གྲང་མོ་ཡོད་འདུག

དེ་མིན་ཡང་མི་རེ་རེ་བཞིན་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པ་དང་། གལ་ཆེའི་དྲི་བར་ལན་འདེབས་མ་བྱས་པ་ཡིན་ཚེ་འགྲམ་ལྕག་གཞུས་པ་དང་། ཡང་ན་ཉེས་རྡུང་དྲག་པོ་བཏང་པའི་གནས་ཚུལ་བྱུང་ཡོད་པས། འདྲི་རྩད་བྱས་པའི་མི་ཧ་ལམ་ཚང་མར་ཉེས་རྡུང་ཕོག་འདུག་པ་དང་། ཕྱི་ཚེས་ ༢༤ ཉིན་སྨན་ཁང་ལ་བསྐྱལ་པའི་དབོན་སྟོད་དགོན་པའི་དགེ་འདུན་པ་ཞིག་ལ་ཉེས་རྡུང་བཏང་ནས་སྐད་ཆ་ཡང་བཤད་མི་ཐུབ་པ་དང་། སྒལ་པར་སྨུག་ཐིག་གིས་ཁེངས་ཡོད་འདུག

Tibetan.jpg
འབྲི་ཆུའི་རྒྱུད་དུ་གནས་སྤོར་དགོས་བའི་དཀའ་ངལ་འཕྲད་བཞིན་པའི་དགོན་སྡེ་དང་གྲོང་ཚོ། The Tibet Map Institute. Graphic: Nordon & Tenzin Pema/RFA

བོད་མི་དོ་དམ་བཀག་ཉར་བྱེད་སའི་དབོན་སྟོད་ཁུལ་དུ་ཕྱི་ཕྱོགས་ནས་ཆེད་མངགས་བཏང་པའི་ཉེན་རྟོག་པ་ཧ་ཅང་མང་པོ་སླེབས་ཡོད་པ་དང་། ཕྱི་ནས་ཡོང་བའི་ཉེན་རྟོག་རུ་ཁག་རེ་རེ་གྲོང་ཚོ་རེ་རེའི་ནང་ལྟ་སྲུང་གི་འགན་ཁུར་བླངས་ཏེ་དྲག་གནོན་བྱེད་བཞིན་ཡོད་པ་དང་། ཡང་དབོན་པོ་སྟོད་དང་ཡེ་ན་དགོན་ཁུལ་དུ་ཏོག་དབྱིབས་འགོས་ནད་ཁྱབ་གདལ་ཕྱིན་པའི་སྐབས་བཀག་བསྡོམས་བྱས་པ་བཞིན་མི་སུ་ཞིག་ཀྱང་ཁང་པའི་ཕྱི་ལ་ཐོན་མི་ཆོག་པ་བཟོས་འདུག

རིང་མིན་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་དང་ ༢༠༠༨ ལོའི་ཟླ་༣ ཚེས་ ༡༤ ཉིན་རྒྱལ་ས་ལྷ་སར་ས་བྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དུས་ཚིགས་ཚེས་ལ་ཉེ་བར་བརྟེན་ཉེན་རྟོག་པས་འཛིན་བཟུང་བྱས་པའི་དགེ་འདུན་པར་འདྲི་རྩད་བྱེད་སྐབས་དྲག་སྤྱོད་པ་ཟེར་མིང་བཏགས་ནས་ཁོང་ཚོས་གསུམ་གཅིག་བཞི་ཟེར་བའི་དྲག་ཟིང་སློང་རྩིས་བྱེད་ཀྱི་ཡོད་ཚུལ་སྙན་འདོག་བྱས་ཡོད་འདུག དོན་དངོས་ཐོག་དམིགས་བསལ་སྦྱོང་བརྡར་སྤྲད་པའི་ཉེན་རྟོག་དམག་མི་སླེབས་པ་དང་ལམ་སེང་འཛིན་བཟུང་བྱས་པ་མ་ཟད། ད་དུང་དགེ་འདུན་པ་དང་གྲོང་ཚོའི་མང་ཚོགས་འཛིན་བཟུང་བྱེད་སྐབས་ཞུ་བ་འཐེན་པ་ལས་ཉེན་རྟོག་པར་དྲག་པོའི་འཐབ་རྒོལ་གྱིས་འཛིང་རེ་བཏང་པ་སོགས་ཀྱི་གནས་ཚུལ་བྱུང་མེད་ན་ཡང་ད་ཆ་ཁོང་ཚོས་དྲག་སྤྱོད་པ་ཟེར་བའི་ཉེས་མིང་བཙུགས་ཀྱི་ཡོད་པ་འདི་ནི་ཞེད་སྣང་སྐྱེས་དགོས་པ་ཞིག་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

གཞན་ཡང་དབོན་སྟོད་ཁུལ་དང་ཡེ་ན་དགོན་པ་ཁུལ་གྱི་མི་ཡིན་ཕྱིན་ཁོང་ཚོའི་སྤུན་མཆེད་གཞུང་ཞབས་ལས་བྱེད་ཡོད་ཚེ་ཚང་མར་ཁ་པར་ཐོག་ནས་ཉེན་བརྡ་བཏང་ཡོད་པ་དང་། གལ་སྲིད་ཁ་ལ་མ་ཉན་ན་སྒྲིག་གཞིའི་ལམ་ལུགས་བཞིན་གླ་ཕོགས་གཅོག་རྒྱུ་དང་རྒན་ཕོགས་གཅོག་རྒྱུ་ཡིན་པ་སོགས་བརྗོད་འདུག

༢༠༢༤ ཟླ་ ༢ ཚེས་ ༢༣ ཉིན་བརྡ་འཕྲིན་གྱི་བརྡ་རྟགས་ཕྲན་བུ་ཡོད་རུང་ཚེས་ ༢༤ ཉིན་བརྡ་རྟགས་ཚང་མ་མེད་པ་དང་། ད་ལྟ་སྨན་ཁང་དུ་བསྐྱལ་པའི་མི་ཚོ་དང་ཕྱི་ཕྱོགས་སུ་འབྲེལ་བ་མེད་པ་བཟོས་པའི་ཐོག་སྨན་བཅོས་ཟིན་པའི་མི་དག་ཀྱང་སྨན་ཁང་ནས་ལོག་མ་བཅུག་པར་ཉེན་རྟོག་པའི་ལྟ་ཞིབ་འོག་བཞག་ཡོད་འདུག སྨན་ཁང་འདི་ཡང་བཀག་ཉར་ཁང་ལྟ་བུ་ཞིག་ཆགས་ཡོད་པ་དང་། ཚེས་ ༢༤ ཉིན་མུ་མཐུད་ཉེས་རྡུང་ཕོག་པའི་མི་སྣ་སྨན་ཁང་དུ་འབྱོར་བཞིན་ཡོད་འདུག

ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་པ།

Photo:Linkedln/geneviève tremblay m.

ཁམས་སྡེ་དགེ་དབོན་པོའི་དགོན་གྲོང་མི་མང་ཕོན་ཆེ་འཛིན་བཟུང་བྱས་པའི་གནད་དོན་ཐད། ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geneviève Tremblay ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཕྱི་ཟླ་ ༢ ཚེས་ ༢༣ དགོང་མོ་ཡིག་ཐོག་ལན་འདེབས་གསལ་བཤད་གནང་པའི་ནང་། བོད་མི་འཇུ་བཟུང་དོ་དམ་བྱས་པའི་ཐད་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་།

1516315591707.jpgཁེ་ན་ཌའི་གཞུང་གིས་སྡེ་དགེ་དབོན་པོའི་གནས་སྟངས་ཐད་ཞིབ་ལྟ་ནན་པོ་བྱེད་བཞིན་ཡོད་པ་གསུངས་ཤིང་། ཁེ་ན་ཌའི་གཞུང་གིས་རྒྱ་ནག་དཔོན་རིགས་ལ། སྨྲ་བརྗོད་རང་དབང་དང་འདུ་འཛོམས་ཀྱི་རང་དབང་བེད་སྤྱོད་བྱེད་མཁན་བོད་མི་དོ་དམ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསལ་བཤད་གནང་བྱུང་།
ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱིས་ཡིག་ཐོག་གསལ་བཤད་གནང་པའི་ནང་ད་དུང་། ཁེ་ན་ཌའི་གཞུང་གིས་རྒྱ་ནག་ལ་བསམ་ཚུལ་དང་སྨྲ་བརྗོད་ཀྱི་རང་དབང་། འདུ་འཛོམས་དང་མཉམ་སྦྲེལ་བྱེད་པའི་རང་དབང་། ཆོས་དད་རང་དབང་བཅས་ལ་གུས་བརྩི་དང་། སྲུང་སྐྱོབས། ཁྱབ་སྤེལ་གཏོང་དགོས་པ་རྟག་ཏུ་འབོད་སྐུལ་ཞུ་བཞིན་ཡོད་ཅེས་དང་། བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། སྐད་ཡིག་སྲུང་སྐྱོབས་དང་རིག་གཞུང་གི་རང་དབང་ཐེ་བའི་བོད་མིར་གནོད་གཞིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཚབས་གཏིང་ཟབ་ཡོད་ཅེས་གསུངས་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
མཐུན་འགྱུར་གསར་འགོད་པ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས་དང་། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་མི་རི་ཀའི་བོད་དོན་ཆེད་ཁྲིམས་ཡིག་གཏན་འབེབས་གནང་བར་བོད་མི་ཚོས་དགའ་བསུ་དང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎