བོད་ཀྱི་བླ་ཆེན་རྣམ་པས་དིང་རིར་ས་ཡོམ་གྱི་གནོད་འཚེ་ཐེབས་པར་བསྔོ་སྨོན་གནང་འདུག

2025.01.08
བོད་ཀྱི་བླ་ཆེན་རྣམ་པས་དིང་རིར་ས་ཡོམ་གྱི་གནོད་འཚེ་ཐེབས་པར་བསྔོ་སྨོན་གནང་འདུག དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་དང་ཀརྨ་པ་མཆོག
སྒྲིག་བཟོ།

ཕྱི་ཚེས་ ༩ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད། (མཆན། བླ་ཆེན་རྣམ་པའི་མཚན་གཞུང་བང་རིམ་གནས་ཚུལ་ཁ་སྣོན་ཞུ་རིམ་བཞིན་བཀོད་ཡོད།)

བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེན་བྱུང་བའི་ཐད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙོས་མང་པོས་ཐུགས་སྨོན་དང་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་དང་། ཨ་རི་དང་རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་མང་པོས་གདུང་སེམས་མཉམ་བསྐྱེད་ཞུས་ཡོད། དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ས་ཡོམ་གྱི་གོད་ཆགས་ཆེན་པོ་འདི་བྱུང་བ་གོ་མ་ཐག་གདུང་སེམས་མཉམ་སྐྱེད་དང་། རྐྱེན་ལམ་དུ་ཕྱིན་པ་རྣམས་ལ་འཕོ་བ་དང་གསོན་པ་རྣམས་ལ་སེམས་གསོ་གནང་ཡོད་པ་གསུངས་འདུག
དེ་བཞིན་དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས། ད་རེས་བོད་ཀྱི་ལ་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་འཇིགས་པ་ཆེན་པོ་བྱུང་སྟེ། རང་རིགས་སྤུན་ཟླ་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང་། མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་སྐྱོ་བོ་དེ་གོ་ཐོས་བྱུང་བས། སེམས་ཀྱིས་མ་བཟོད་པ་བྱུང་། དེ་བས་ང་དང་ང་ལྟ་བུ་བོད་ཕྱི་ལ་ཡོད་མཁན་སྤུན་ཟླ་མང་པོ་ཞིག་གིས་གནས་ཚུལ་དེའི་ཐད་སེམས་ཁུར་དང་བསྔོ་བ་སྨོན་ལམ་གནང་བཞིན་པ་རེད། ལྷག་པར་བོད་ནང་ལ་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་མང་པོ་ཞིག་གིས་དིང་རི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པ་དང་། རོགས་རམ་བྱེད་པ་སོགས་ཀྱི་གནས་ཚུལ་མཐོང་རྒྱུ་འདུག་པས་སེམས་འགུལ་ཐེབས་པ་བྱུང་། ང་ཚོ་བོད་རིགས་སྤུན་ཟླ་ཚོ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱེད་པའི་གནས་སྟངས་འདི་མཐོང་དུས་སེམས་ལ་ཚོར་སྣང་མ་འདྲ་བ་བྱུང་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡིན་པའི་ཚོར་སྣང་སྤྲད་བྱུང་། དེ་བས་ང་རང་ངོས་ནས་འདས་གྲོངས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་འདུན་དང་བཅས། ས་གནས་ཀྱི་སྲིད་གཞུང་དང་། རིམ་པ་ཁག་གི་དབུ་ཁྲིད། དེ་བཞིན་བོད་རིགས་སྤུན་ཟླ་ཚང་མས་མུ་མཐུད་དིང་རི་ས་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་རོགས་ཞེས་འབོད་སྐུལ་གནང་འདུག

འདི་ཚེས་ ༩ ཉིན་འབྲི་གུང་༸སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཀྱང་ས་ཡོམ་འགུལ་ཚད་ཤུགས་ཆེན་བྱུང་ནས་གཞིས་གྲོང་ཁང་ཁྱིམ་མང་པོ་འཐོར་ཞིག་ཚབས་ཆེན་ཐེབས་ཏེ་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བའི་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་ཨ་རིའི་ནང་ཀལླ་ཧྥོ་ནི་ཡར་མེ་སྐྱོན་ཆེན་པོ་བྱུང་ནས་མི་དང་སེམས་ཅན་མང་པོ་ཚེ་སྲོག་ཤོར་བར་བསྔོ་སྨོན་རྒྱུན་སྲིང་བྱེད་བཞིན་ཡོད་པའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པའི་ནང་། རྐྱེན་འདས་སུ་ཕྱིན་པའི་མི་རྣམས་བར་དོའི་འཇིགས་སྐྲག་ལས་གྲོལ་ཏེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཐུགས་སྨོན་མཛད་འདུག

དེ་བཞིན་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཟླ་བ་དར་རྒྱས་མཆོག་ནས་ཀྱང་བོད་ནང་གི་ས་ཡོམ་གོད་ཆག་བྱུང་བར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་དགོན་དང་། བཙུན་དགོན་རད་ན་སྨན་གླིང་བཅས་དགེ་བཙུན་མང་ཚོགས་ནས་འདས་གསོན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་དང་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་ཞུས་དང་ཞུ་བཞིན་པར་མ་ཟད། སྐུ་ཉིད་ནས་ཀྱང་ཚེ་འདས་རྣམས་བར་དོའི་འཇིགས་པ་ལས་བྲལ་ཏེ། མངོན་མཐོ་ལྷ་མིའི་དལ་རྟེན་རིམ་བརྒྱུད། མཐར་ཐུག་རྫོགས་བྱང་རིན་པོ་ཆེ་མྱུར་དུ་ཐོབ་པའི་ཐེག་པ་ཆེན་པོའི་བསྔོ་སྨོན་ཞུ་བ་དང་འབྲེལ། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་དང༌། རྗེས་ལུས་ནང་མི་གཉེན་ཉེ་ བཅས་ལ་ཐུགས་གསོའི་འཚམས་འདྲི་དང་། ལུས་སེམས་སྡུག་བསྔལ་གྱིས་མནར་བ་རྣམས་མྱུར་ནས་མྱུར་དུ། སྔར་བཞིན་ཞི་བདེ་དང་ཚེ་རིང་ནད་མེད། བར་ཆོད་མཐའ་དག་ཞི་བའི་ཐུགས་སྨོན་མཛད་འདུག

ད་རེས་ལ་སྟོད་དིང་རི་ས་ཡོམ་གྱི་གོད་ཆགས་ཐད་རྒྱ་ནག་གཞུང་འབྲེལ་གྲངས་འབོར་ལྟར་ན། ད་ལྟའི་བར་མི་གྲངས་༡༢༦འདས་གྲོངས་དང་། མི་གྲངས་༡༨༨ལ་རྨས་སྐྱོན་ཕོག་བྱུང་བ་དང་། ས་འགུལ་ཤུགས་ཆེ་བྱུང་ཡུལ་དུ་མི་གྲངས་༤༠༠ལྷག་ས་འོག་ལྷག་པ་རྣམས་སྲོག་སྐྱོབ་ཐུབ་ཡོད་པ་བརྗོད་ཡོད་ལ། དེ་བཞིན་མི་གྲངས་སུམ་ཁྲི་ལྷག་གནས་གཞན་དུ་སྤོར་ནས་འདུག་ས་བཀོད་སྒྲིག་བྱས་ཡོད་ཚུལ་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་བོར་བརླག་ཕྱིན་པའི་མི་གྲངས་ཁ་གསལ་བཏོན་མེད་པས། ཆེད་མཁས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ས་གནས་སུ་དགུན་གྱི་གྲང་ངར་ཆེ་བ་དང་བསྟུན་ནས་བོར་བརླག་ཕྱིན་པའི་མི་སྣ་གསོན་པོར་གནས་པའི་རེ་བ་ཧ་ཅང་ཆུང་བ་མ་ཟད། རྒྱ་ནག་གཞུང་གིས་སྟོད་དིང་རི་གཙོས་པའི་ས་ཁུལ་དག་གི་གནོད་འཚེའི་གནས་སྟངས་དང་མི་སྣ་ཤི་རྨས་ཀྱི་གྲངས་འབོར་ཏག་ཏག་ཡོད་མེད་ཐེ་ཚོམ་སྐྱེས་གཞིར་གྱུར་ཡོད་པ་རེད།
ས་འགུལ་བྱུང་མ་ཐག་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་དང་དངོས་རྫས་སྐྱེལ་འདྲེན་མང་པོ་བྱེད་བཞིན་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་བཞིན། ནམ་རྒྱུན་ས་ཕྱོགས་གང་དུ་རང་བྱུང་གོད་ཆགས་སོགས་བྱུང་མ་ཐག་རོགས་སྐྱོར་རྒྱ་ཆེན་བྱེད་མཁན་བོད་ཀྱི་གཞས་མ་གྲགས་ཧན་ཧོང་གིས་བཙུགས་པའི་ཧན་ཧོང་བྱམས་བརྩེའི་ཐེབས་རྩ་ཚོགས་པ་ནས། དིང་རིའི་ས་འགུལ་བྱུང་ཡུལ་དུ་རྒྱ་སྒོར་ས་ཡ་༢༠ཡི་རོགས་སྐྱོར་མཁོ་ཆས་སྤྲོད་བཞིན་པ་དང་། ཧན་ཀོང་དངོས་སུ་ས་གནས་སུ་སོང་ནས་བོད་མི་ཚོར་སེམས་གསོ་བྱེད་བཞིན་པ་དྲྭ་ཐོག་ནས་མཐོང་རྒྱུ་འདུག་ལ། བོད་དང་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་དང་གཞས་བ་གཞས་མ་མང་པོ་ཞིག་གིས་ཧན་ཧོང་ཐེབས་རྩ་ཁང་བརྒྱུད་ནས་སྟོད་དིང་རི་ས་ཁུལ་དུ་ཞལ་འདེབས་སྤྲོད་བཞིན་ཡོད་འདུག
དེ་མིན་སྒེར་ངོས་ནས་བོད་མི་རྣམས་ས་འགུལ་བྱུང་ཡུལ་དུ་འགྲོ་བསྐྱོད་བྱས་ནས་གནོད་འཚེ་ཕོག་མཁན་བོད་མིའི་ལག་ཏུ་ཆ་དངོས་སྤྲོད་ཆོག་གི་མེད་པར་ངེས་པར་གཞུང་བརྒྱུད་ནས་སྤྱི་བའི་དངོས་ཟོག་གསོག་ཁང་ལ་སྤྲོད་དགོས་ཀྱི་ཡོད་འདུག ཡང་འདི་ག་རླུང་འཕྲིན་ཁང་ལ་ལྷ་ས་རུ་གནས་སྡོད་ཚོང་བ་ཞིག་གིས་བརྗོད་ན། ཁོང་ཚོས་ཉོ་སྒྲུབ་བྱས་པའི་གྱོན་པ་དང་ཉལ་ཆས་སོགས་དངོས་རྫས་དེ་རིང་གནོད་ཁུལ་དུ་འབྱོར་ཡོད་ལ། ད་ལྟ་ས་ཁུལ་དེར་ཟས་རིགས་ཀྱི་འདེང་ངེས་ཡོད་ཀྱང་། གྱོན་ཆས་དང་ཉལ་ཆས་ཀྱི་དགོས་མཁོ་ཆེ་བ་དང་། དིང་རི་རྫོང་དུ་རོགས་སྐྱོར་དངོས་རྫས་ཚང་མ་དངོས་པོ་གསོག་ཉར་བྱེད་སར་བསྡུ་ལེན་བྱས་རྗེས། གཞུང་གིས་གཅིག་གྱུར་གྱིས་བགོ་འགྲེམ་བྱེད་ཀྱི་ཡོད་ཚུལ་བརྗོད་བྱུང་། དེ་བཞིན་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་བོད་ཀྱི་ས་ཁུལ་འདྲ་མིན་ནས་དྲྭ་དཔོན་སོགས་མི་མང་པོ་རོགས་སྐྱོར་ཆེད་ལམ་ལ་བུད་ཟིན་ཡོད་པ་དང་། ལྷ་ས་ནས་ཡིན་པ་ཞིག་གིས་ཁོང་ཚོས་དངོས་ཟོག་བསྐྱལ་ནས་དིང་རིར་སླེབས་ཀྱང་ད་ལྟ་ས་གནས་དེར་དངོས་ཟོག་འདང་ངེས་ཡོད་པས་ལྷ་རྩེ་ཕྱོགས་སུ་སྐྱེལ་འདྲེན་བྱེད་རྒྱུ་བརྗོད་འདུག ཡིན་ནའང་མིང་ཁ་གསལ་མེད་པའི་བུད་མེད་ཅིག་གིས་བརྙན་ཐུང་དུ་གཏོར་བཤིག་ཐེབས་པའི་དགོན་པ་ཞིག་བསྟན་ནས་དེར་རོགས་སྐྱོར་དགོས་བ་དང་དེ་བཞིན་དུ་ཁུག་ཀྱོག་ས་ཁུལ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་རོགས་སྐྱོར་དངོས་ཟོག་འབྱོར་གྱི་མེད་པ་ངུ་ངག་འདོན་བཞིན་བརྗོད་ཀྱིན་འདུག་ལ། གོང་གི་བརྙན་ཐུང་དེ་ད་ལྟ་བོད་ནང་གི་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་ཁག་ནས་བསུབ་འདུག་ལ་ངོ་དེབ་ནང་བསྐྱར་པར་བརྒྱབ་པ་ཁ་ཤས་མཐོང་རྒྱུ་འདུག
འདི་ཚེས་༨ཉིན་དིང་རི་རྫོང་མི་དམངས་སྲིད་གཞུང་གིས་གསལ་བསྒྲགས་ཞིག་སྤེལ་བའི་ནང་། དིང་རི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་ཅ་དངོས་འདེང་ངེས་བཞིན་གོ་སྒྲིག་ལེགས་པོ་བྱེད་བཞིན་ཡོད་པས། ཚེས་༨ཉིན་ནས་གནོད་ཐེབས་ས་ཁུལ་ཆེད་རོགས་སྐྱོར་ཅ་དངོས་དང་ཞལ་འདེབས་སོགས་ལེན་མཚམས་འཇོག་རྒྱུ་ཡིན་པ་གསལ་འདུག

* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།

གསར་འགོད་པ། གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎