རྒྱ་ནག་གཞུང་གིས་དིང་རི་ས་ཡོམ་གྱི་གོད་ཆགས་ཁྲོད་མི་སྣ་ཤི་རྨས་གྲངས་འབོར་ཁ་གསལ་མ་བསྒྲགས་པར་ཁོང་ཚོས་མྱུར་སྐྱོབ་ལས་དོན་ཡག་པོ་བྱས་ཚུལ་བསྒྲགས་འདུག
བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གོད་ཆགས་ཁྲོད་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་གཟའ་མིག་དམར་ཉིན་ཐོག་མའི་གྲངས་ཀ་རྐྱེན་འདས་སུ་ཕྱིན་པ་མི་གྲངས་༡༢༦དང་། རྨས་སྐྱོན་ཕོག་པ་༡༨༨་བྱུང་བ་རྒྱ་ནག་གཞུང་གིས་བསྒྲགས་རྗེས་འདི་ཚེས་༩གཟའ་ཕུར་བུ་བར་ཉིན་གྲངས་གཉིས་ཕྱིན་ཡང་རྒྱ་གཞུང་གིས་གྲངས་འབོར་དེར་འགྱུར་བ་བཏང་མེད་པ་དང་། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་ཕྱི་རྒྱལ་གྱི་རང་དབང་ཅན་གྱི་གསར་འགོད་པ་ས་ཡོམ་གྱི་གོད་ཆགས་ཐེབས་སའི་ཡུལ་དེར་གཅིག་ཀྱང་མེད་པ་རེད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཟུང་འབྲེལ་འགན་འཛིན་སོ་ཧྥི་རི་ཆརཌི་སོན་(Sophie Richardson)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་གནོད་ཐེབས་ས་གནས་ཁག་ཏུ་ཤི་རྨས་ཀྱི་གྲངས་འབོར་འཕར་མ་ཇི་བྱུང་འཚོལ་ཞིབ་བྱེད་མ་ཐུབ་པ་ཡིན་སྲིད། དེ་སྔ་སི་ཁྲོན་དུ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་གཞུང་གིས་དངོས་ཡོད་གྲངས་ཐོ་རྣམས་བཀག་སྡོམ་བྱས་པ་མ་ཟད། གོད་ཆགས་དེའི་ཁྲོད་ཤི་རྨས་ཀྱི་གནས་སྟངས་ཞིབ་འཇུག་བྱེད་མཁན་རྣམས་ལ་མངོན་གསལ་དོད་པོས་སྡུག་སྦྱོང་དང་ཁྲིམས་གཅོད་བྱས་ཡོད་པ་ཤེས་རྟོགས་ཡོད། ཅེས་གསུང་བྱུང་།
ཕྱི་ཟླ་དང་པོའི་ཚེས་༧ རེས་གཟའ་མིག་དམར་ཉིན་བོད་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་ཁུལ་དུ་ས་ཡོམ་བརྒྱབ་པའི་འགུལ་ཚད་དེ་རྒྱ་ནག་གཞུང་གིས་དྲུག་དང་གྲངས་ཆུང་བརྒྱད་བསྒྲགས་ཡོད་ཀྱང་། ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་(USGS)་ཀྱིས་འགུལ་ཚད་བདུན་དང་གྲངས་ཆུང་གཅིག་ཡིན་པ་བསྒྲགས་འདུག་ལ། ད་རེས་ཀྱི་ས་ཡོམ་དེ་ནི་ཉེ་བའི་ལོ་ཤས་ནང་བོད་ནང་བརྒྱབ་པའི་ས་ཡོམ་འགུལ་ཚད་ཤུགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།
ས་ཡོམ་བརྒྱབས་པའི་རྗེས་ཀྱི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་དུ་གནོད་ཐེབས་ས་ཁུལ་གྱི་གནམ་གཤིས་ཀླད་སྐོར་འོག་ཏུ་སླེབས་པའི་གྲང་ངར་ཁྲོད་རོགས་སྐྱོར་བྱེད་མཁན་རྣམས་ཀྱིས་འཚོ་གནས་ཐུབ་མཁན་ཡོད་མེད་འཚོལ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དང་། ཆེད་མཁས་པས། བོད་ནང་མཚན་གྱི་གནམ་གཤིས་དྲོད་ཚད་གློ་བུར་དུ་མར་ཆག་སྟེ་གྲངས་ཚད་ཀླད་སྐོར་འོག་གི་ཨང་གྲངས་༡༨བར་སླེབས་ཡོད་པའི་རྐྱེན་གྱིས་ས་རྡོའི་འོག་ཏུ་ཚུད་པའི་མི་དང་། འཕྲལ་སེལ་སྡོད་སྒར་མེད་མཁན་ཚོའི་ལུས་པོའི་དྲོད་ཚད་གློ་བུར་དུ་ཤོར་ནས་རྨས་སྐྱོན་མེད་པ་ཡིན་ནའང་ཆུ་ཚོད་ལྔ་ནས་བཅུའི་བར་ལས་འཚོ་གནས་བྱེད་མི་ཐུབ་པའི་སྐོར་གསུངས་འདུག
འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་མི་ཇི་ཙམ་བོར་བརླག་ཏུ་ཕྱིན་པའམ་མ་རྙེད་པའི་གྲངས་ཀ་གསལ་བསྒྲགས་བྱས་མེད་པ་དང་། ད་ལྟའི་སྐབས་སུ་མི་༤༠༧ས་འོག་ནས་ཉེན་སྐྱོབ་ཐུབ་ཡོད་ལུགས་དང་། དེ་བཞིན་མི་གྲངས་བཞི་ཁྲི་ལྔ་སྟོང་ལས་མང་བ་སྡོད་གུར་ནང་གནས་སྤོས་བྱས་རྗེས། གཟའ་ཕུར་བུའི་ཉིན་མྱུར་སྐྱོབ་ལས་དོན་མཚམས་འཇོག་གིས་རྨས་སྐྱོན་ཕོག་པ་དང་ཤུལ་ལུས་ཚོའི་བདེ་སྡུག་གི་ཆེད་དུ་ལས་དོན་གཉེར་བཞིན་ཡོད་པ་བརྒྱུད་ལམ་ཁག་དུ་གནས་ཚུལ་སྤེལ་འདུག
ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུ་གཞུང་གིས་དམིགས་བསལ་ཆོག་མཆན་དགོས་ཀྱི་ཡོད་སྟབས། རོའུ་ཊར་གསར་འགྱུར་ལས་ཁང་གིས་ས་ཡོམ་དང་འབྲེལ་ཡོད་རྒྱ་གཞུང་གི་དྲིལ་བསྒྲགས་ཚན་པར་བཅར་འདྲི་བྱས་ཀྱང་དང་ལེན་བྱས་མེད་པ་རེད།
གཟའ་ལྷག་པ་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས། རྒྱ་ནག་དབུས་དམར་ཤོག་རྒྱུན་ལས་ཁང་གིས་ཡང་དག་པའི་དབུ་ཁྲིད་འོག་ས་ཡོམ་གྱི་གོད་ཆགས་ལས་རྣམ་པ་རྒྱལ་ཐུབ་པ་དང་། མི་དམངས་ཀྱི་ཐོར་བཤིག་ཕྱིན་པའི་ཁྱིམ་ཚང་གསར་བསྐྲུན་བྱེད་རྒྱུ་ངེས་པ་རེད་ཅེས་བརྗོད་ཐོག ང་ཚོས་ཏཱ་ལའི་བླ་མའི་ཁ་བྲལ་རང་བཞིན་གྱི་ཆབ་སྲིད་བཀོད་ཇུས་ཐད་ཤེས་རྟོགས་ཡོད་པས་ང་ཚོས་གྲུང་པོ་བྱས་ནས་བལྟས་བསྡད་ཡོད་ཅེས་བརྗོད་འདུག
ཡང་རྒྱ་ནག་གི་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་༩༠༠ཙམ་ལྷན་དུ་བསྔོ་སྨོན་དང་ས་ཡོམ་གྱི་གོད་ཆགས་ཕོག་སའི་ངལ་སེལ་ཆེད་དུ་ཞལ་འདེབས་ཕུལ་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་གཟའ་ལྷག་པའི་ཉིན། དིང་རིའི་གནོད་ཐེབས་ས་ཁུལ་ནས་ཡུལ་མི་གྲངས་༤༦༥༠༠ལྷག་གནས་སྤོས་བྱས་ཡོད་པ་དང་། དིང་རིའི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་༤༨༤ལྷག་གཞིས་རྩེ་གྲོང་ཁྱེར་དུ་ཉེན་ཁ་མེད་པར་བསྐྱལ་ཡོད་ཚུལ་བསྒྲགས་འདུག
ད་དུང་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་ཐོག་ལ། དིང་རི་རྫོང་དང་ལྷ་རྩེ་རྫོང་གི་ས་ཆ་ཁ་ཤས་ལ་གློག་ཆད་པ་དང་། རྒྱལ་ལམ་དང་ཞིང་ཆེན་གྱི་འགྲོ་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཅས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་ལ། དིང་རི་རྫོང་གི་གྲམ་སོ་ཤང་དང་ཆུ་ལྷོ་ཤང་གི་འཕྲིན་གཏོང་སྒྲིག་ཆས་ཁག་གཅིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ཤར་གཏོང་དང་ཉམས་གསོའི་ལས་དོན་སྤེལ་བ་བརྒྱུད། གནོད་འཚེ་ཐེབས་ཡུལ་གྱི་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད་ཚུལ་བསྒྲགས་འདུག
གང་ལྟར་རྒྱ་ནག་གཞུང་གིས་ས་ཡོམ་དང་འབྲེལ་བའི་ཡོངས་གྲགས་ཀྱི་གསར་འགྱུར་ཚོགས་འདུ་ཐེངས་གཉིས་པའི་ཐོག་ས་ཡོམ་གྱི་གནོད་འཚེ་བྱུང་ནས་ཉིན་གཉིས་ཙམ་ཕྱིན་ཡོད་ཀྱང་མི་ཤི་རྨས་ཀྱི་གྲངས་ཀ་དེ་སྔོན་གྱི་གྲངས་ཀ་རང་འཇགས་བཏོན་ཡོད། འོན་ཀྱང་བོད་ནས་གནས་ཚུལ་ངོ་སྤྲོད་བྱེད་མཁན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ཀྱི་གནས་སྟངས་ལ་བལྟས་ན་མི་ཤི་རྨས་ཀྱི་གྲངས་ཀ་དེ་ལས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་གསུངས་འདུག
འདི་ཚེས་༩ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དིང་རི་རྫོང་གི་ས་ཡོམ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ལྟར་ན། རང་སྐྱོང་ལྗོངས་ཟེར་བའི་འཕྲལ་རྐྱེན་མྱུར་སེལ་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བས་ས་ཡོམ་གེགས་སེལ་གྱི་གནས་ཚུལ་གསར་ཤོས། སྤྱི་ཚེས་༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༦པའི་བར། ས་ཡོམ་ཁྲོད་ཁྱོན་མི་༡༢༦རྐྱེན་ལམ་དུ་ཤོར་ཡོད་པ་དང་། སྡོད་ཁང་༢༧༢༤༨ལ་གཏོར་སྐྱོན་ཕོག་ཡོད་པའི་ནང་། དུད་ཚང་༣༦༡༢ཀྱི་ཁང་པ་ཡོངས་སུ་བེད་མེད་ཆགས་ནས་མང་ཚོགས་དྲུག་ཁྲི་ཆིག་སྟོང་ལྔ་བརྒྱ་ལྷག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་བསྒྲགས་འདུག་པས་སྡོད་ཁང་གཏོར་སྐྱོན་ཐེབས་པའི་གྲངས་ཚད་འཕར་བ་ལས་མི་སྣ་ཤི་རྨས་ཀྱི་གྲངས་ཚད་ལ་འགྱུར་བ་ཐེབས་མི་འདུག།
* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།
* བོད་ཀྱི་བླ་ཆེན་རྣམ་པས་ཐུགས་གསོ་བསྔོ་སྨོན་གནང་བའི་གནས་ཚུལ།
* འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ཚོས་ཐུགས་གསོ་གནང་བའི་གནས་ཚུལ།
གསར་འགོད་པ། གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།