དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།

2025.02.04
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཐེ་ལྦན་དོན་གཅོད་དང་ལྷན། ༢༠༢༥།༠༢།༠༤ ཉིན།
Gonpo Dhondup

ཟླ་ ༢ ཚེས་ ༤ ནས་ ༡༠ བར་བདུན་ཕྲག་གཅིག་གི་རིང་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་མགྲོན་འབོད་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་ལྷ་མོ་ལགས་གཉིས་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད་ཀྱིས། བོད་མིའི་ཐབ་བརྕོད་དང་།   ད་ལྟའི་བོད་ནང་ཀྱི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་དང་ཞུ་གཏུག་ལས་འགུལ་འགོ་འཛུགས་གནང་འདུག

དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཚོགས་གཙོ་ཟུར་པ་དང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་འགོ་འཛུགས་གནང་མཁན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་འོག ལོ་ལྟར་ཐེ་ཝན་ནང་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་བཞིན། འདི་ལོའི་ཟླ་ ༢ ཚེས་ ༥ ལྷག་དཀར་ཉིན་མོ་དང་བསྟུན་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་དབུ་འབྱེད་གནང་རྒྱུ་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

476140382_669012725448857_6825309146430648946_n.jpg
བོད་ཀྱི་གཞོན་ལྷན་ལས་འགུལ་བ་རྣམས། ༢༠༢༥།༠༢།༠༤ ཉིན།

མ་ཟད་ཁོང་གིས། ལས་འགུལ་བ་རྣམས་ནས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ (Human Rights Network for Tibet and Taiwan) གིས་གོ་སྒྲིག་གནང་བ་བཞིན། ཡོང་རྒྱུའི་བདུན་ཕྲག་གཅིག་གི་ནང་། ཐེ་ཝན་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པའི་ངོ་སྤྲོད་དང་། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གླེང་སློང་ཞུ་གཏུག་གནང་རྒྱུ་མ་ཟད། ཐེ་ཝན་གཙུག་ལག་སློབ་གཉེར་ཁང་ཁག་དང་། ཐེ་ཝན་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཁང་སོགས་སུ་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་བརྒྱུད་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་གཏམ་བཤད་གནང་རྒྱུ་སོགས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་ཐུག་འཕྲད་ཀྱིས་བདུན་གཅིག་གི་ལས་གུལ་དང་འབྲེལ་བའི་སྐོར་གྲོས་མོལ་གནང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞི་རྩའི་ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་ ༢༠༡༡ ལོར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེ་ཝན་ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། རིམ་པས་ཕྱི་ལོ་ ༢༠༡༦ ལོར་ཐེ་ཝན་ནང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་དེབ་སྐྱེལ་ཟིན་རྗེས། འབྲེལ་མཐུད་ཁང་དེའི་ངོས་ནས་ཐེ་ཝན་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་ལས་འགུལ་དེ་ལོ་ལྟར་གསུམ་བཅུའི་དུས་དྲན་སྔོན་ཚུད་ནས་གསུམ་བཅུའི་དུས་དྲན་བར་གཟའ་ལྷག་པ་ནམ་ཡིན་ལ་སྤེལ་གྱི་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎