རྒྱ་ནག་གིས་༧གོང་ས་མཆོག་དང་ཡང་ན་སྐུ་ཚབ་མཉམ་བོད་རྒྱ་འབྲེལ་མོལ་ཞུ་དགོས། ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་པས།

2022-01-13
Share
རྒྱ་ནག་གིས་༧གོང་ས་མཆོག་དང་ཡང་ན་སྐུ་ཚབ་མཉམ་བོད་རྒྱ་འབྲེལ་མོལ་ཞུ་དགོས། ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་པས། ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)་ལགས་སུ་བཅར་འདྲིའི་སྐབས། ༠༡།༡༣།༢༠༢༢
RFA

ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)་ལགས་ཀྱིས་བོད་དོན་འབྲེལ་མཐུད་པའི་ཐུགས་འགན་བཞེས་རྗེས་ཀྱི་གསར་འགོད་པའི་བཅར་འདྲི་ཐོག་མ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་༡་ཚེས་༡༣་ཉིན་གནང་སྐབས། ཁོང་གིས། ཨ་མི་རི་ཀའི་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་ཞུ་དགོས་པའི་སྐུལ་མ་ཞུ་བཞིན་ཡོད་པ་གསུངས་པ་དང་། གལ་ཏེ་ཕྱོགས་གཉིས་བར་བོད་ཀྱི་གནད་དོན་ཐད་གྲོས་མོལ་འདུམ་འགྲིག་ཞིག་བྱུང་ཚེ། དེ་ནི་མངའ་ཁུལ་དེ་དང་དེའི་ནང་གི་ཡུལ་མི་ཚོར་བརྟན་ལྷིང་ཡུན་གནས་ཐུབ་པའི་ཐབས་ལམ་བཟང་ཤོས་ཤིག་ཀྱང་ཆགས་རྒྱུ་ཡིན་པ་གསུངས་བྱུང་།
དེ་བཞིན་ད་ལྟའི་ནད་ཡམས་ཀྱིས་རྐྱེན་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུ་རྒྱུའི་ཐད་དཀའ་ཚེགས་ཡོད་ན་ཡང་། ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ཀྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་འབྲེལ་བ་ཞུ་འདོད་ཆེན་པོ་ཡོད་པ་གསུང་གི་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཁོང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་སྐུ་ཚབ་ཏུ་བསྐོ་བཞག་བྱུང་བར་དགའ་བསུའི་གསུང་འཕྲིན་བསྩལ་གནང་བྱུང་བར་ཧ་ཅང་གི་དགའ་སྤོབས་ཆེན་པོ་བྱུང་བ་མ་ཟད། གསུང་འཕྲིན་གྱི་ནང་དོན་ཁག་སྙིང་བཅངས་ཞུ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ལྕམ་ཨཛ་ར་ཛི་ཡ་ལགས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དུ་བསྐོ་བཞག་བྱུང་མ་ཐག་པའི་གཟའ་འཁོར་དང་པོ་དེ་རང་ལ་ཁོང་མོས་དབུས་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་གནང་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་ཞེས་དང་། དེ་བཞིན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་སྒྲིག་འཛུགས་མི་སྣ་ཁག་དང་ཡང་འབྲེལ་ལམ་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་ལགས་ཀྱིས། བོད་མི་ཚོར། ཨ་མི་རི་ཀའི་གཞུང་གི་ངོས་ནས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་སོགས་སྲུང་སྐྱོབ་ཞུ་རྒྱུར་འགྱུར་མེད་རྒྱབ་སྐྱོར་ཡོད་པ་གསུངས་ཡོད་པ་རེད།

uzra-rfa.jpg
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀན་(Blinken)་མཆོག་གིས། ཨ་རིའི་སྤྱི་དམངས་དང་དམངས་གཙོ། འགྲོ་བ་མིའི་ཐོང་ཐང་བཅས་ཀྱི་གནད་དོན་ཐད་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་རིམ་པ་གསུམ་པའི་(Under Secretary)་གོ་གནས་ཡོད་པ་ལྕམ་ཨཛ་ར་ཛི་ཡ་ལགས་སུ་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་༢༠༢༡་ཕྱི་ཟླ་༡༢་ཚེས་༢༠་ཉིན་བསྐོ་བཞག་གནང་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཆེད་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་བཅར་འདྲི་ཞུས་པའི་གནས་ཚུལ་རྒྱས་པ་མུ་འཐུད་འགོད་སྤེལ་ཞུ་རྒྱུ་ཡིན།

བཅར་འདྲི།

ཨ་རིའི་ཕྱི་སྲིད་བློན་ཆེན་རིམ་པ་གསུམ་པ་ Under Secretary ལྕམ་ཨཛ་ར་ཛེ་ཡ་མཆོག  བཅར་འདྲི་ཞུ་རྒྱུའི་གོ་སྐབས་གནང་པར་ཐུགས་རྗེ་ཆེ་ཞུ།  འདི་ནི་ཁྱེད་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་བྱུང་ནས་གསར་འགྱུར་བརྒྱུད་ལམ་ལ་བཅར་འདྲི་ཐེངས་དང་པོ་དེ་ཡིན་དུས་ང་ཚོས་དམིགས་བསལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ལན། ངོས་རང་ལ་གོ་སྐབས་འདི་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་། ངས་ཁྱེད་ཚོའི་རླུང་འཕྲིན་ལས་ཁང་འདིའི་རྒྱ་ཆེའི་གསན་གཟིགས་རྣམ་པ་ཚོར་ཐོག་མར་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ང་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དགའ་མོས་ཧ་ཅང་ཆེན་པོ་བྱེད་མཁན་ཞིག་ཡིན་པ་ཡང་ཞུ་འདོད་བྱུང་།

དྲི་བ།  ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་ཡུལ་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་བ་ཁག་དང་། དེ་བཞིན་ཁྱེད་ཀྱི་མཚན་ཐོག་ནས་བསྒྲགས་གཏམ་སྤེལ་བའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་ཡོང་ཐབས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།  འདིའི་ཐད་རྒྱས་བཤད་གནང་ཐུབ་བམ། གནད་དོན་འདིའི་ཐད་འབད་བརྩོན་གང་འདྲ་གནང་རྩིས་ཡོད་དམ།  ཁྱེད་ལ་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་གཞག་གནང་པ་ནས་བཟུང་།  རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་མཐུན་ཕྱོགས་ཚོར་འདིའི་ཐད་འབྲེལ་མཐུད་གནང་འགོ་བརྩམས་ཡོད་དམ།

 

ལན།  ཐོག་མར། ངས་ལས་འཁུར་འདི་ཞུ་རྒྱུ་བྱུང་བ་དང་།  ཕྱི་སྲིད་དྲུང་ཆེ་སྦིལིང་ཀན་མཆོག་གིས་ང་ལ་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་གཞག་གནང་པ།  དེ་བཞིན་བོད་དོན་འབྲེལ་མཐུད་པའི་ལས་འགན་འདི་ཕྱི་སྲིད་བློན་ཆེན་རིམ་པ་གསུམ་པའི་(Under Secretary) ཐོག་སླར་ཡར་གནས་སྤར་གནང་པ་བཅས་ལ་ངས་ཧ་ཅང་ཆེ་མཐོང་ཆེན་པོར་ངོས་འཛིན་ཞུ་གི་ཡོད།

ངོས་རང་ལ་ལས་འགན་འདིར་བསྐོ་འཛུགས་གནང་པ་ནས་བཟུང་།  ངས་འབད་འབུང་ཆེན་པོའི་ཐོག་ནས་ཐོག་མར་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཞུས་ཤིང་། ལས་འཁུར་ཞུས་པའི་གཟའ་འཁོར་དང་པོ་རང་གི་ནང་བྱང་ཨ་མི་རི་ཀའི་སྐུ་ཚབ་དང་མཇལ་འཕྲད་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ཐོག་ཕྱག་ལས་གནང་མཁན་སྤྱི་དམངས་ཐོབ་ཐང་དོན་གཉེར་བ་ཁག་དང་ཡང་འབྲེལ་བ་ཞུས་པ་ཡིན། དེ་མཚུངས་ངའི་ངོས་ནས་བསམ་བློ་དང་དམིགས་ཡུལ་མཚུངས་པའི་མཐུན་ཕྱོགས་ཁག་དང་འབྲེལ་བ་བྱེད་རྒྱུ་འགོ་བཙུགས་ཟིན་ལ། ཁོང་ཚོས་ཀྱང་ཨ་རི་དང་མཉམ་སྦྲེལ་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་རྒྱུ་དང་། དེ་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལོ་རྒྱུས་དང་སྐད་ཡིག གོམས་གཤིས་བཅས་སྲུང་སྐྱོབ་བྱ་རྒྱུར་མཉམ་ལས་གནང་པའི་རེ་བ་ཡོད། 

ཐད་ཀར་གྲོས་མོལ་དགོས་གནད་ཐོག་ཞུས་པ་ཡིན་ན། རེད། ང་ཚོའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་ཞུ་དགོས་པའི་སྐུལ་མ་ཞུ་གི་ཡོད། གལ་ཏེ་ཕྱོགས་གཉིས་དབར་བོད་ཀྱི་གནད་དོན་ཐད་གྲོས་མོལ་འདུམ་འགྲིག་ཞིག་བྱུང་ཚེ། དེ་ནི་མངའ་ཁུལ་དེ་དང་དེའི་ནང་གི་ཡུལ་མི་ཚོར་བརྟན་ལྷིང་ཡུན་གནས་ཐུབ་པའི་ཐབས་ལམ་བཟང་ཤོས་ཤིག་ཀྱང་ཆགས་རྒྱུ་རེད།

 

དྲི་བ། རྒྱ་ནག་གཞུང་གིས། ༢༠༣༥ ཚུན་ཆད་རྒྱ་སྐད་དེ་བོད་ཐེ་བས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཡོངས་རྫོགས་ནང་སྤྱི་སྐད་དུ་བེད་སྤྱོད་བྱེད་ཐུབ་པ་དགོས་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡོད་ལ། དེ་བཞིན་རྒྱ་ནག་གཞུང་གིས་བོད་པའི་གྲྭ་བཙུན་དང་ཤེས་ཡོན་ཅན་པ་ཚོར་རྒྱ་སྐད་རྒྱ་ཡིག་སྦྱང་བཅུག་པ་དང་།  བོད་བརྒྱུད་ནང་བསྟན་གྱི་ཕྱག་དཔེ་རྣམས་རྒྱ་ཡིག་ཏུ་ཕབ་བཅུག་སྟེ་བོད་ཀྱི་ནང་ཆོས་འདི་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་མྱུར་པོའི་ཐོག་ནས་ལག་བསྟར་བྱེད་བཞིན་ཡོད་སྟབས།  མི་མང་པོ་ཞིག་གིས་འདིས་བོད་ཀྱི་སྐད་དང་ཆོས་ལུགས་རྩ་མེད་བཟོ་སྲིད་པའི་སེམས་འཚབ་བྱེད་བཞིན་ཡོད།  ཨ་མི་རི་ཀའི་སྲིད་འཛིན་སྦཡེཌེན་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་འདི་འགོག་ཐབས་སུ་ག་རེ་གནང་ཐུབ་ཀྱི་རེད་དམ།

ལན།  ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཧ་ཅང་གི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། དེའི་ཁོངས་སུ་ད་ལྟ་ཁྱེད་རང་གིས་བརྗོད་པ་ལྟར་རྒྱ་ནག་ཅན་དུ་བསྒྱུར་བའི་གནད་དོན་ཁག་ཚུད་ཡོད།  ད་དུང་རྒྱ་ནག་གཞུང་གི་ངོས་ནས་སྡུག་རྩུབ་ཀྱི་བྱ་སྤྱོད་དཔེར་ན། ཁྲིམས་མཐུན་མིན་པའི་འཛིན་བཟུང་དང་བཀག་བསྐྱིལ། གནས་ཚུལ་འགོད་སྤེལ་བཀག་འགོག   འགྲོ་འོང་དང་ཞི་བའི་འདུ་འཛོམས་རང་དབང་ཐོག་དམ་དྲག ལྷག་པར་བོད་མི་ནང་པ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་དབུས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་ལ་དད་མོས་ཞུ་རྒྱུར་ཐེ་བྱུས་བྱེད་བཞིན་པ་ང་ཚོས་ཤེས་རྟོགས་ཡོད།  ང་ཚོའི་ལངས་ཕྱོགས་ནི་ཧ་ཅང་གི་གསལ་པོ་ཡིན། དེ་ནི་འདི་ལྟ་བུའི་ཐེ་བྱུས་དང་དམ་དྲག་དེ་རིགས་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་རྒྱུ་དེ་རེད། དེར་བརྟེན་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་སྟོན་དགོས་པ་གལ་ཆེན་པོ་ཡིན་སྟབས། (ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི) ལོ་འཁོར་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། ལོ་འཁོར་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གནས་བབས་ཀྱི་སྙན་ཐོ་སོགས་ཡོངས་ཁྱབ་ཀྱི་སྙན་ཐོ་དེ་དག་གི་ནང་འགོད་པ་བྱེད་རྒྱུ་དེ་དག་ནི། དངོས་ཡོད་ཀྱི་གནས་སྟངས་གསལ་སྟོན་བྱེད་རྒྱུ་དང་། བྱ་སྤྱོད་དེ་རིགས་འགོག་ཐབས་སུ་རྒྱལ་སྤྱིའི་རྒྱབ་སྐྱོར་མཉམ་སྤུངས་འབྱུང་རྒྱུར་གལ་གནད་ཧ་ཅང་ཆེ་བའི་རང་བཞིན་ཞིག་རེད། དེར་བརྟེན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པའི་ངོ་བོའི་ཐོག་ནས་ལག་ལེན་གྱི་བྱ་རིམ་གལ་འགངས་ཆེ་ཤོས་སུ་འཇོག་རྒྱུ་ཡིན་ལ། དེ་བཞིན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་ལས་འགན་གྱི་ངོ་བོའི་ཐོག་ནས་ངས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་སྤྱི་ཚོགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་(བོད་ནང་གི་) དངོས་ཡོད་ཀྱི་གནས་སྟངས་གསལ་སྟོན་ཐད་འབད་བརྩོན་ཆེན་པོ་བྱེད་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།

 

དྲི་བ། ཁྱེད་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ག་དུས་ཞུ་རྩིས་ཡོད་དམ།  ཚེས་གྲངས་གཏན་འཁེལ་བྱུང་ཡོད་དམ།  ཁྱེད་ཉིད་རྡ་རམ་ས་ལར་ཕེབས་རྒྱུ་ཡིན་ནམ།

ལན།  ངས་ཐོག་མར་ཞུ་ཡག་ལ། ངོས་རང་ལས་འགན་འདིར་བསྐོ་བཞག་བྱུང་བར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་རང་ལ་འཚམས་འདྲིའི་གསུང་འཕྲིན་བཀའ་ཡིག་གནང་པར་ཧ་ཅང་གི་གཟི་བརྗིད་དང་དགའ་པོ་བྱུང་ཞིང་།  ངས་ཁོང་གི་གསུང་འཕྲིན་དོ་ནན་གྱིས་བཀླགས་པ་ཡིན།   ཁོང་གིས་ངའི་ལས་དོན་དམིགས་ཡུལ་ལ་རྒྱབ་སྐྱོར་གནང་པ་ཁག་སྙིང་བཅངས་ཞུ་བ་དང་ཆབས་ཅིག  ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཞུ་སྒོ་ཁག་ཐད་ཀར་གྱི་ལམ་ནས་ཞུ་རྒྱུའི་གོ་སྐབས་འབྱུང་རྒྱུར་རེ་བ་ངེས་པར་ཞུ་གི་ཡོད། ཡིན་ནའི་བཀྲིས་ཁྱེད་རང་གིས་ཤེས་གསལ་ལྟར་རེད། གོ་ལ་ཁྱོན་ཡོངས་ཀྱི་ནང་ནད་ཡམས་འདིས་རྐྱེན་པས་རྒྱལ་སྤྱིའི་རང་བཞིན་གྱི་འགྲིོམ་གྲུལ་བྱེད་དང་བྱེད་སྒོ་སྤེལ་རྒྱུར་དཀའ་ཚེགས་སྣོན་མ་བཟོས་ཡོད་པར་བརྟེན་ང་ཚོའི་ངོས་ནས་དྲ་རྒྱའི་འཕྲུལ་རིག་བརྒྱུད་བྱེད་སྒོ་སྤེལ་བའི་མཐུན་རྐྱེན་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་། འོན་ཀྱང་ངའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་ཞུ་སྒོ་ཁག་གཉེར་ཐུབ་རྒྱུར་རེ་བ་ཆེན་པོ་ཞུ་གི་ཡོད་ལ། འདི་ལྟ་བུ་ཞིག་གཏན་འཁེལ་འབྱུང་མཚམས་ང་ཚོས་དགའ་པོའི་ངང་ཡོངས་གྲགས་ཀྱི་ཐོག་ནས་མཁོ་སྤྲོད་ཞུ་རྒྱུ་ཡིན།

 དྲི་བ། ཉེ་ལམ་ཕྱི་ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ཁྱེད་ཀྱི་མཚན་ཐོག་ཕྱག་བྲིས་ཤིག་གནང་པའི་ནང་།  ད་ལྟའི་ཨ་རིའི་སྲིད་གཞུང་གིས་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུའི་འབོད་སྐུལ་ཞུས་པ་དང་།  ཡང་གྲོས་ཚོགས་འཐུས་མི་དེ་དག་གིས་འབོད་སྐུལ་ཕྱག་ཡིག་དེའི་ནང་།  སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་དང་འབྲེལ་ལམ་གནང་སྟེ།  བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་མི་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་དགོས་པ་དང་། བོད་ཕྱི་ནང་གཉིས་སུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ།  དེ་བཞིན་བོད་ཀྱི་དཀའ་རྙོག་དེ་བོད་མི་ཚོས་རང་གི་ཆེ་མཐོང་དང་རང་དབང་གྲུབ་པའི་མངོན་འདོད་དང་མཚམས་པའི་ཐོག་ནས་སེལ་དགོས་པ་སོགས་འཁོད་ཡོད།  འོན་ཀྱང་ད་ལྟའི་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་མི་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གཞན་གྱི་ཐོག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་འདིར་ཁྱེད་ཀྱིས་ངོས་ནས་དམིགས་ཡུལ་དེ་དག་གྲུབ་ཐབས་སུ་གྲོས་ཚོགས་མཉམ་དུ་ཟུང་སྦྲེལ་ཕྱག་ལས་གང་འདྲ་སེ་གནང་རྩིས་ཡོད་དམ།  ཁྱེད་ཀྱི་ངོས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་གཞུང་འབྲེལ་ཐོག་ནས་མཇལ་མོལ་གནང་གི་རེད་པས།

ལན།  ངའི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ལམ་ཉེ་པོའི་ཐོག་ནས་སྐྱོང་རྒྱུར་ཆོད་སེམས་བརྟན་པོ་ཡོད། ངས་གོང་དུ་ཞུས་པ་བཞིན་ངས་ངོས་རང་བོད་དོན་ཆེད་འབྲེལ་མཐུད་དམིགས་བསལ་སྐུ་ཚབ་ཏུ་བསྐོ་གཞག་བྱུང་མ་ཐག་གི་ཉིན་ཤས་ནང་ཚུད་ཕྱི་མི་མཇལ་འཕྲད་ཞུས་པའི་དང་པོ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དང་མཇལ་འཕྲད་ཞུས་པ་དེ་ཡིན་ལ། དེ་ནི་དམིགས་བཀར་གྱི་ཐག་གཅོད་ཞིག་རེད། 

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ངོས་ལ་དོན་སྙིང་ལྡན་པའི་འཚམས་འདྲིའི་ཕྱག་བྲིས་ཤིག་གནང་འབྱོར་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ།  འབྱུང་འགྱུར་གྱི་གཟའ་འཁོར་འགའ་ཤས་ནང་ཁོང་དང་ལྷན་ཐད་ཀར་འབྲེལ་ལམ་བྱེད་རྒྱུའི་གོ་སྐབས་འབྱུང་རྒྱུར་ངང་སྒུག་བྱེད་བཞིན་ཡོད།

 

དྲི་བ། བོད་དོན་ཐོག་ཕྱག་ལས་གནང་སྐབས། གནད་དོན་འདི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཆགས་ཁོ་ནའི་ཐོག་ནས་གཟིགས་རྒྱུ་ཡིན་ནམ་ཡང་ན་ཆབ་སྲིད་ཀྱི་གནད་དོན་རྒྱ་ཆེ་བའི་ཐོག་ནས་གཟིགས་རྒྱུ་ཡིན།

 

ལན།  ངའི་ངོས་ནས་སྲིད་འཛིན་སྦཡེཌན་གྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ཁག་ཕྱི་འབྲེལ་གྱི་སྲིད་བྱུས་གྱི་ནང་གཙོ་བཟུང་གནང་རྒྱུའི་དགོངས་དོན་དེ་སྒྲུབ་རྒྱུ་ཡིན་ལ། ངོས་རང་ཨ་རིའི་ཕྱི་སྲིད་བློན་ཆེན་རིམ་པ་གསུམ་པ་ Under Secretary ཡི་ལས་འགན་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ངོ་བོའི་ཐོག་ནས་དམིགས་ཡུལ་འདི་མཇུག་སྐྱོང་ཞུ་རྒྱུ་ཡིན།   འོན་ཀྱང་དེར་ཆབ་སྲིད་ཀྱི་དྲི་བ་གནད་འགག་ཅན་ཁག་ཅིག་ཡོད་པ་དཔེར་ན། སྔོན་འགྲོའི་ཆ་རྐྱེན་མེད་པར་འབྲེལ་མོལ་བསྐྱར་མཐུད་བྱ་རྒྱུ་དང་།  འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་དང་འབྲེལ་བ་ཡོད་པ་གང་ཞིག  དེ་ལས་སྤྲོས་ཏེ་ (ད་ལྟ་གོང་དུ་ཞུས་པ་བཞིན) གནད་འགག་ཆེ་བའི་ཁོར་ཡུག་གི་གནད་དོན་ཐོག་ལ་དོ་སྣང་བྱེད་རྒྱུ་དང་།  ཆུའི་ཐོན་ཁུངས་བདག་གཅེས་དང་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ལ་མཉམ་སྤྱོད་བྱེད་རྒྱུ་སོགས།  ང་ཚོའི་ངོས་ནས་ཕྱོགས་ཡོངས་ཀྱི་ལྟ་སྟངས་ཤིག་གི་ཐོག་ནས་བོད་ཀྱི་གནད་དོན་ཐད་གདོང་ལེན་བྱེད་དགོས་པར་མཐོང་གི་ཡོད། དེར་བརྟེན་ངའི་ངོས་ནས་(ཨ་རིའི་)ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་རོགས་མི་སྣ་ཁག་དང་།  ལྷག་པར་དུ་ཨ་རིའི་གྲོས་ཚོགས་དང་མཉམ་ལས་བྱེད་དེ་ཕྱོགས་སྣེ་མང་གི་ངོ་བོ་ལྡན་པའི་དོན་གནད་ཁག་ལ་ལས་དོན་བྱེད་རྒྱུའི་འདུན་པ་ཡོད།

 

དྲི་བ།  ཁྱེད་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་བོད་ནང་གི་བོད་མི་ཚོར་བརྡ་ལན་ག་རེ་གནང་རྒྱུ་ཡོད་དམ།

ལན། ཁྱེད་ཚོའི་རླུང་འཕྲིན་ཁང་གི་ལས་རིམ་གསན་གཟིགས་གནང་མཁན་བོད་མི་ཚོར་ངས་ཞུ་འདོད་པ་ནི།  ཨ་མི་རི་ཀའི་གཞུང་གིས་(བོད་མི་ཚོར་) དགའ་གུས་དང་གདུང་སེམས་མཉམ་སྐྱེད་ཡོད་པ་འདི་བརྗོད་འདོད་ཡོད་ལ།  བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་རྒྱུའི་ལས་དོན་སྤེལ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་བྱེད་རྒྱུ་ཡིན།  ཁྱེད་ཚོའི་རིག་གཞུང་དང་ཐུན་མོང་མ་ཡིན་པའི་ཆོས་ལུགས། བོད་ཀྱི་སྐད་ཡིག་གོམས་སྲོལ་སོགས་ལ་ངོས་འཛིན་ཆེ་མཐོང་ཞུ་གི་ཡོད་ལ།  ཨ་མི་རི་ཀའི་ངོས་ནས་མུ་མཐུད་བོད་མི་ཚོར་རོགས་རམས་དང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུར་འདུན་པ་ཧ་ཅང་བརྟན་པོ་ཡོད། ང་ཚོའི་ངོས་ནས་རྒྱལ་སྤྱིའི་ནང་གི་མཐུན་ཕྱོགས་ཁག་དང་ནུས་པ་མཉམ་སྤུངས་ཀྱིས་རྒྱ་ནག་ནང་བོད་མི་ཚོས་མྱོང་བཞིན་པའི་དྲག་རྩུབ་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པ་འདི་མཚམས་འཇོག་ཡོང་ཐབས་སུ་ལས་དོན་སྒྲུབ་རྒྱུ་ཡིན།

 

གསར་འགོད་པ།  ཨ་རིའི་ཕྱི་སྲིད་བློན་ཆེན་རིམ་པ་གསུམ་པ་ Under Secretary  བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ།  ང་ཚོར་གོ་སྐབས་གནང་པར་ཐུགས་རྗེ་ཆེ།  བཀའ་མོལ་ཞུ་རྒྱུ་བྱུང་བ་འདི་སྤྲོ་བ་ལྡན་པ་བྱུང་།

ཐུགས་རྗེ་ཆེ་བཀྲིས། ཁྱེད་དང་བཀའ་མོལ་བྱེད་རྒྱུ་བྱུང་བ་ངོས་རང་ཡང་དགའ་པོ་བྱུང་། འདི་ནི་འབྱུང་འགྱུར་ཡང་བཀའ་མོལ་ལན་མང་འབྱུང་བའི་ཐོག་མ་དེ་ཡིན་པའི་རེ་བ་བྱེད་ཀྱི་ཡོད། བཀྲིས་བདེ་ལེགས།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།