ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གཞུང་ལ་དམིགས་པའི་གྲོས་ཆོད་ཁག་ཉི་ཤུ་རྩ་བརྒྱད་ཙམ་འཇོག་འཆར་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ཟླ་དགུ་པའི་ཚེས་༩ནས་བཟུང་། རྒྱ་ནག་དང་འབྲེལ་བའི་ཁྲིམས་ལུགས་ཁག་ལ་བསྐྱར་ཞིབ་དང་གྲོས་ཆོད་འཇོག་རྒྱུ་ཡིན་པ་དང་། གྲོས་ཚོགས་འོག་མས་གཟའ་འཁོར་འདི་བཞིན་རྒྱ་ནག་གི་བདུན་ཕྲག་ཞེས་འཆར་གཞི་བཞིན་རྒྱ་ནག་དང་འབྲེལ་བའི་གྲོས་གཞི་ཁག་ལ་བསྐྱར་ཞིབ་ཀྱིས་གྲོས་ཆོད་འཇོག་འཆར་ཡོད་ཅིང་། དེ་ཡང་གཙོ་བོ་རྒྱ་ནག་གིས་ཨ་རིའི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་པར་ཁ་གཏད་ཆེད་ཡིན་པ་རེད། གྲོས་འཆར་དེ་ཚོའི་ནང་ཨ་རིས་རྒྱ་ནག་གི་སྐྱེ་དངོས་ཚན་རྩལ་ཁེ་ལས་ལ་བརྟེན་ཤུགས་ཉུང་དུ་གཏོང་རྒྱུ་དང་། རྒྱ་ནག་གི་གློག་སྒུལ་མོ་ཀྲ་དང་ཁ་ལོ་བ་མེད་པའི་དམག་གི་གནམ་གྲུ་ཨ་རིའི་ནང་ནང་འདྲེན་ཚད་བཀག་བཟོ་རྒྱུ། རྒྱ་ནག་གི་མི་སེར་གྱིས་ཨ་རིའི་ཞིང་ས་ཉོ་སྒྲུབ་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ། དེ་བཞིན་ཕྱི་འདྲེན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གྲོས་འཆར་ཁག་ཉི་ཤུ་རྩ་བརྒྱད་ཙམ་ཡོད་པ་རེད།
གནས་ཚུལ་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་འདྲི་རྩད་བྱས་སྐབས། མགྲིན་ཚབ་པ་ལིའུ་ཕེང་ཡུས་ཀྱིས་ཡིག་ཐོག་ལན་འདེབས་བྱས་པའི་ནང་། ཨ་རིས་རྒྱ་ནག་གི་བདུན་ཕྲག་ཞེས་འབོད་པ་དང་རྒྱ་ནག་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱེད་འཆར་དེ་ནི་གྲང་དམག་གི་བསམ་བློ་ལྟ་བུ་ཡིན་པའི་ཁར། ཨ་རིའི་འོས་བསྡུའི་ལོ་འདིའི་ནང་རྒྱ་ནག་གི་གནད་དོན་ལ་གཡོལ་ཐབས་བྱེད་པ་དང་རྒྱ་ནག་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ཡོང་བར་གནོད་འཚེ་ཕོག་རྒྱུ་ཡིན་ལུགས་བརྗོད་འདུག
ད་ལོ་ཕྱི་ཟླ་བདུན་པའི་ནང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་མེག་ཇོན་སན་གྱིས་ནིའུ་ཡོག་ཏུ་ཧུའུཌ་སན་བསྟི་གནས་ཁང་གི་བྱེད་སྒོ་ཞིག་གི་ཐོག་གསུང་བཤད་གནང་སྐབས། ཁོང་གི་དམིགས་ཡུལ་གཙོ་བོ་ཞིག་ནི་ད་ལོའི་ལོ་མཇུག་ཏུ་རྒྱ་ནག་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་གི་གལ་ཆེའི་ཁྲིམས་འཆར་ཁག་ལ་ས་རྟགས་བཀོད་ཐུབ་པ་བྱ་རྒྱུ་དེ་ཡིན་པ་གསུངས་ཡོད་འདུག དེ་ཚོའི་ནང་ཨུ་རུ་སུ་དང་ཨི་རན་ལ་དངོས་པོའི་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་ནག་གི་དམག་དོན་ལས་ཁུངས་ལ་ཆད་པ་གཅོད་རྒྱུ་སོགས་ཀྱི་ཁྲིམས་འཆར་ཡོད་པ་གསུངས་འདུག
དེ་བཞིན་གཟའ་འཁོར་འདིའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་ལ་དམིགས་པའི་ཁྲིམས་འཆར་ཁག་གཏན་འབེབས་ཡོང་ཐབས་བྱ་རྒྱུའི་ཁྲོད། ཨ་རིའི་གསར་གཏོད་དང་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་འཆར་དེའི་ནང་། ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཛིན་ལས་ཁུངས་ཀྱི་རྒྱལ་ཁབ་བདེ་འཇགས་སྡེ་ཚན་པའི་ནང་རྒྱ་ནག་ལ་དམིགས་པའི་སྡེ་ཚན་ཞིག་བསྐྲུན་རྒྱུ་ཡིན་པ་དང་། དེ་མིན་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཟེར་བའི་རྒྱ་ནག་གཞུང་ནས་རོགས་རམ་ལེན་མཁན་གྱི་གཙུག་ལག་སློབ་གྲྭ་དང་མཐོ་སློབ་ཁག་ལ་མ་དངུལ་སྤྲོད་རྒྱུ་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་དང་། ཕྱི་རྒྱལ་གྱི་འོས་བསྡུའི་ཐེ་གཏོགས་མེད་པ་བཟོ་རྒྱུའི་ཁྲིམས་འཆར། དཔལ་འབྱོར་གྱི་གསང་མྱུལ་འགོག་ཐབས་ཁྲིམས་འཆར་སོགས་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།