རྒྱ་ནག་གིས་ར་ཤེ་ཡའི་བཙན་འཛུལ་བྱ་སྤྱོད་ལ་མཉམ་འབྲེལ་བྱས་ན་ཨ་རིས་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ་བཏང་འདུག

2022.03.15
Share on WhatsApp
Share on WhatsApp
རྒྱ་ནག་གིས་ར་ཤེ་ཡའི་བཙན་འཛུལ་བྱ་སྤྱོད་ལ་མཉམ་འབྲེལ་བྱས་ན་ཨ་རིས་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ་བཏང་འདུག ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་(Jake Sullivan)་དང་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ཡཱང་ཇེ་ཁྲི་ (Yang Jiechi)་གཉིས་མཇལ་མོལ་སྐབས། ༠༣།༡༤།༢༠༢༢
AP

དེ་ཡང་རོའུ་ཊར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༡༤་རེས་གཟའ་ཟླ་བའི་ཉིན། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇེ་ཁི་སུ་ལེ་ཝན་(Jake Sullivan)་དང་རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་དཔོན་རིགས་ཡཱང་ཇེ་ཁྲི་ (Yang Jiechi)་གཉིས་ཨེ་ཊ་ལེ་ཡི་གྲོང་ཁྱེར་རོམ་དུ་དུས་ཡུན་ཆུ་ཚོད་བདུན་རིང་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དང་། ར་ཤེ་ཡ་དང་ཡུའུ་ཁུ་རེན་བར་གྱི་དམག་འཁྲུག་གི་གནས་སྟངས་སོགས་གྲོས་མོལ་བྱས་པའི་རྗེས་སུ། རྒྱ་ནག་གིས་ར་ཤེ་ཡ་དང་མཉམ་འབྲེལ་བྱེད་པར་ཨ་རིའི་ཕྱོགས་ནས་བློ་འཚབ་ཡོད་པ་གསལ་སྟོན་དང་། གལ་སྲིད། རྒྱ་ནག་གཞུང་གིས་ར་ཤེ་ཡས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱས་པར་རྒྱབ་སྐྱོར་རོགས་རམ་བྱས་བ་ཡིན་ན། རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུ་དང་དེའི་མཇུག་འབྲས་རྒྱ་ནག་ཁེར་རྐྱང་དུ་ལྷག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
དེ་བཞིན་ཨ་རིའི་ཕྱོགས་ནས་(NATO)་འམ་བྱང་ཨེཊ་ལེན་ཊིཀ་སྤྱི་ཆིངས་སྒྲིག་འཛུགས་དང་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ལ་རྒྱ་ནག་གཞུང་གིས་ར་ཤེ་ཡའི་དམག་འཁྲུག་ཐད་རོགས་སྐྱོར་གྱི་འདུན་པ་ཡོད་པ་གསལ་སྟོན་བྱས་ཚུལ་བཀོད་འདུག
དེའི་ཐད་ད་ལྟ་སུ་པན་ནང་གནས་སྡོད་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། རྒྱ་ནག་དང་ར་ཤེ་ཡ་གཉིས་དམར་ཤོག་ལྟ་བ་གཅིག་མཐུན་ཡིན་པ་སོགས་ལས་རྒྱ་ནག་གིས་ར་ཤེ་ཡར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་གསལ་བོ་ཡིན་ཡང་། རྒྱ་ནག་རང་ཉིད་ཉེན་ཁའི་གནས་སུ་མི་ལྷུང་ཕྱིར་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་ར་ཤེ་ཡར་རྒྱབ་སྐྱོར་མི་བྱེད་ན་ཡང་གསང་བའི་ཐོག་ནས་རོགས་སྐྱོར་བྱེད་སྲིད་པའི་ཡིད་ཆེས་གནང་གི་འདུག
གང་ལྟར་ཉེ་ལམ་སྤྱི་ཟླ་གཉིས་པའི་ཚེས་༢༤་ཉིན་ར་ཤེ་ཡས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱས་བ་ནས་བཟུང་། རྒྱ་ནག་གཞུང་གིས་ར་ཤེ་ཡའི་བྱ་སྤྱོད་ཐད་སྐྱོན་བརྗོད་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་མེད་པ་མ་ཟད། ར་ཤེ་ཡའི་བྱ་སྤྱོད་དེར་བཙན་འཛུལ་ཞེས་པའི་ཚིག་དེའང་བེད་སྤྱོད་བྱེད་ཀྱི་མེད་པ་རེད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་བདག་དབང་ཆ་ཚང་ལ་གུས་བརྩི་དགོས་ཚུལ་འབོད་སྐུལ་དང་། ཕྱོགས་གཞན་ཞིག་ནས་ར་ཤེ་ཡས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱས་བ་དེ་ནི། ཨ་རི་དང་བྱང་སྤྱི་ཆིངས་སྒྲིག་འཛུགས་ཀྱི་བྱུས་ཉེས་ལས་བྱུང་བ་ཡིན་ཚུལ་བཤད་ནས། ར་ཤེ་ཡའི་བཙན་འཛུལ་བྱ་སྤྱོད་དེར་ལུགས་མཐུན་གྱི་རྒྱུ་རྐྱེན་འཚོལ་ཐབས་བྱེད་བཞིན་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕེན་གྱིས་བདུན་ཕྲག་སྔོན་མའི་ནང་ཕྱོགས་ཚང་མས་བཟོད་སྒོམ་བྱེད་དགོས་ཚུལ་དང་། དེ་བཞིན་ར་ཤེ་ཡ་དང་ཡུའུ་ཁུ་རེན་ཕྱོགས་གཉིས་ཀས་གྲོས་མོལ་གྱི་ལམ་ནས་ཕན་ཚུན་བར་གྱི་འགལ་ཟླ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།