Volkswagen ཞེས་པའི་སྣུམ་འཁོར་གྱི་བཟོ་གྲྭ་ཤར་ཏུར་ཀིས་ཐན་གྱི་མངའ་ཁུལ་ནས་ཕྱིར་འཐེན་བྱ་རྒྱུ།
ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་གནང་བའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཇར་མ་ནིའི་Volkswagenཞེས་པའི་སྣུམ་འཁོར་གྱི་བཟོ་གྲྭ་རྒྱ་མིས་ཤིན་ཅང་ཞེས་པའི་ཤར་ཏུར་ཀིས་ཐན་གྱི་མངའ་ཁུལ་ནས་ཕྱིར་འཐེན་བྱ་རྒྱུའི་བཟང་ཕྱོགས་ཀྱི་ཐག་གཅོད་ལ་བསྔགས་བརྗོད་བྱས་ཀྱང་། དེ་ནི་ཕྱི་དྲག་ཐག་ཆོད་པ་དང་རྒྱ་ནག་གཞུང་གིས་མངའ་ཁུལ་དེའི་མི་མང་ལ་བཙན་བཤེད་བཏང་སྟེ་ངལ་རྩོལ་སྐུལ་བཞིན་པའི་ཉེན་ཁ་ཡོད་མུས་ཡིན་སྐོར་ཁེ་ས་ཕྱི་ཚེས་༢༧ཉིན་གསུངས་འདུག
དེ་ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཉམས་ཞིབ་པ་མཐོ་གྲས་ཡིན་པ་Jim Wormington ལགས་ཀྱིས་Volkswagen སྣུམ་འཁོར་བཟོ་གྲྭས་ཤར་ཏུར་ཀིས་ཐན་གྱི་མངའ་ཁུལ་ནས་ཕྱིར་འཐན་བྱ་རྒྱུ་དེ་བཟང་ཕྱོགས་ཀྱི་གོམ་བགྲོད་ཤིག་ཡིན་སྐོར་བསྔགས་བརྗོད་གནང་ཡང་། དེ་ནི་དུས་ཐོག་ཏུ་མ་བྱས་པར་ཕྱི་དྲག་ཐག་ཆོད་པ་ཞིག་ཡིན་པ་དང་Volkwagen གཙོས་པའི་སྣུམ་འཁོར་བཟོ་གྲྭ་ཁག་གིས་རྒྱ་ནག་གཞུང་ནས་ཤར་ཏུར་ཀིས་ཐན་ནང་བཙན་དབང་བཏང་སྟེ་ངལ་རྩོལ་སྐུལ་བཞིན་པའི་ཉེན་ཚབས་ཡོད་མུས་ཡིན་སྐོར་གསུངས་འདུག ད་དུང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་སྣུམ་འཁོར་བཟོ་གྲྭ་ཁག་གིས་རང་གི་སྣུམ་འཁོར་ཁག་རྒྱལ་ཁབ་གང་དུ་མཁོ་སྤྲོད་བྱེད་ཀྱི་ཡོད་མིན་གྱི་ས་ཁྲར་ཞིབ་ཏུ་བརྟག་དཔྱད་བྱས་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་དང་བཙན་པོ་དབང་ཡོད་བཤད་ནས་ངལ་རྩོལ་སྐུལ་བཞིན་པའི་སྐོར་ངོ་རྒོལ་སྐྱོན་བརྗོད་གཞི་རྒྱ་ཆེན་པོ་བྱ་ཡུལ་ཤར་ཏུར་ཀིས་ཐན་དང་ཐད་ཀར་དང་བརྒྱུད་ནས་སྣུམ་འཁོར་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག
ཇར་མ་ནིའི་སྣུམ་འཁོར་བཟོ་ཚོང་ལས་ཁང་Volkswagenགྱིས་ཤར་ཏུར་ཀིས་ཐན་ནང་སྣུམ་འཁོར་དེ་ཚོང་རྒྱུའི་ལས་དོན་གཞན་ལ་གཙོང་སྐོར་བཤད་ཡོད་ཅིང་། སྣུམ་འཁོར་ལས་ཁང་དེས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་མི་འབོར་ས་ཡ་གཉིས་ལྷག་གི་ས་ཁུལ་ཡིན་པའི་ཤར་ཏུར་ཀིས་ཐན་ནང་ནས་སྣུམ་འཁོར་དེ་ཚོང་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ནི་དཔལ་འབྱོར་ལ་བརྟེན་ནས་ཡིན་ལུགས་བརྗོད་ཡོད་འདུག་ལ། དེ་སྔོན་Turpanཞེས་པའི་ཁུལ་དེའི་ས་གནས་ལ་སྣུམ་འཁོར་བང་འགྲན་རྒྱུན་ལམ་ཡང་ཡོད་པའི་གནས་ཚུལ་འདུག།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།