བསྟན་འཛིན་བརྩོན་འགྲུས་ལགས་ཨ་རུ་ན་ཅལ་མངའ་སྡེའི་ནང་འབྱོར་ནས་བོད་དོན་སྐོར་བསྐྱོད་གནང་བཞིན་འདུག

2021-11-30
Share
བསྟན་འཛིན་བརྩོན་འགྲུས་ལགས་ཨ་རུ་ན་ཅལ་མངའ་སྡེའི་ནང་འབྱོར་ནས་བོད་དོན་སྐོར་བསྐྱོད་གནང་བཞིན་འདུག བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་སྤོམ་ལ་(Bumla)་ས་མཚམས་སུ། ༡༡།༣༠།༢༡
TT@facebook

ཉེ་ལམ་སྤྱི་ཟླ་༨་པའི་ཚེས་༡༧་ནས་བོད་དོན་ལས་འགུལ་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་འགོ་བཙུགས་ཏེ། ཧི་མ་ལ་ཡའི་རི་རྒྱུད་བོད་དང་ས་འབྲེལ་རྒྱ་གར་གྱི་མངའ་སྡེ་ཁག་ལྔ་ཡི་ནང་། བོད་དོན་དྲིལ་བསྒྲགས་སྐོར་བསྐྱོད་གནང་བཞིན་པ། ད་ཆ་མངའ་སྡེ་མཐའ་མ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་འབྱོར་ཏེ། སྤྱི་ཟླ་༡༡་པའི་ཚེས་༣༠་ཉིན་བར་ཉིན་གྲངས་༡༦་རིང་མངའ་སྡེ་དེའི་ནང་ལས་འགུལ་སྤེལ་ཡོད་ཅིང་། མངའ་སྡེ་དེ་ནི་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་འཁེལ་ཡོད་པས། རྒྱ་ནག་གི་དམག་མི་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་དང་འཇིགས་སྐུལ་གྱི་ཉེན་ཁ་རྒྱུན་མར་ཡོད་བསྡད་པར་བརྟེན། ས་གནས་ཀྱི་ཆབ་སྲིད་པ་དང་གསར་འགོད་པ་སོགས་ཀྱིས་གཟབ་གཟབ་དང་། རྒྱ་ནག་གཞུང་ལ་འདྲོགས་མགོ་མ་བསླང་པར་དགོས་པ་སོགས་བསྟུན་མཁས་གནང་གི་ཡོད་ནའང་། རྒྱ་གར་ནང་བོད་དོན་དང་ས་མཚམས་ཀྱི་རྙོག་དྲའི་ཐད་ཅི་ཙམ་གཟབ་གཟབ་བསྟུན་མཁས་བྱས་ཀྱང་། རྒྱ་ནག་གཞུང་གིས་བསམ་ཤེས་མི་བྱེད་པར་རྒྱ་གར་ནང་སིམ་འཛུལ་དང་འཇིགས་སྐུལ་གྱི་འཆར་གཞི་དེ་མཚམས་འཇོག་བྱེད་ཀྱི་མེད་པ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་དགུ་ལྷག་དང་མི་རིགས་དང་སྐད་ཡིག་མི་འདྲ་བ་སྣ་ཚོགས་ཡོད་པས། ཕན་ཚུན་ནང་ཁུལ་འགལ་ཟླ་དང་ཆབ་སྲིད་ཚོགས་པ་མི་འདྲ་བའི་དབང་གི་ཆབ་སྲིད་ཀྱི་འཐབ་རྩོད་སོགས་ཡོད་པ་བཞིན། ཁོ་རང་སྤྱི་ལོ་༢༠༠༢་ལོར་ས་གནས་འདིར་ཡོང་སྐབས། བོད་མི་སྐྱབས་བཅོལ་བ་ཚོ་ཨ་རུ་ན་ཅལ་ནས་ཕྱིར་ལོག་དགོས་པའི་ལས་འགུལ་སྤེལ་སྤེལ་མཁན་ཡོད་ནའང་། ད་ལྟ་དེ་ལས་ཧ་ཅང་གཤིས་འཇམ་དུ་གྱུར་འདུག་ཅེས་དང་། མངའ་སྡེ་དེ་གར་བོད་དོན་རྒྱབ་སྐྱོར་གྱི་ཐད། བོད་རང་བཙན་ཐོབ་ན་རྒྱ་གར་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁེ་ཕན་ཡོད་པ་དང་། བོད་དང་རྒྱ་གར་བར་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པར་ངོས་འཛིན་གནང་མཁན་དང་། ཡང་རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱི་བསམ་ཚུལ་འཛིན་མཁན་བཅས་ཡོང་གི་ཡོད་ནའང་། མང་ཆེ་ཤོས་ཀྱིས་༧གོང་ས་མཆོག་ལ་དད་པ་གུས་བརྩི་ཆེན་པོ་ཡོད་བྱེད་ཀྱི་ཡོད་པས། ཆོས་དད་དང་༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་གྱི་ཐོག་ནས་ལས་འགུལ་མང་ཆེ་བ་འགྲོ་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ནས། ད་བར་ཉིན་གྲངས་བརྒྱ་དང་གསུམ་རིང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་ཀྱི་གྲོང་སྡེ་དང་། སློབ་གྲྭ དགོན་སྡེ། གྲོང་གསེབ་གང་སར་སྐོར་བསྐྱོད་ཀྱིས། བོད་དོན་དྲིལ་བསྒྲགས་དང་༧གོང་ས་མཆོག་གི་མཛད་འཕྲིན་ངོ་སྤྲོད་གནང་ཡོད་ཅིང་། འཆར་གཞི་ལྟར་ཇམ་མོའུ་ཀ་ཤེ་མེར་(Jammu Kashmir)་དང་། ཧི་མ་ཅལ། ཨུ་ཏར་ཁན། འབྲས་ལྗོངས་དང་ཨ་རུ་ནཱ་ཅལ་མངའ་སྡེ་བཅས་མངའ་སྡེ་ཁག་ལྔའི་ནང་སྐོར་བསྐྱོད་འགྲུབ་ཡོད་ནའང་། ད་དུང་མུ་མཐུད་དུ་རྒྱ་གར་ཨ་སམ་མངའ་སྡེ་ཁུལ་དུའང་བསྐོར་བསྐྱོད་གནང་འཆར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།