ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འཕར་བཞིན་འདུག

2022.04.13
Share on WhatsApp
Share on WhatsApp
ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འཕར་བཞིན་འདུག ཟི་ལིང་མེ་འཁོར་འབབ་ཚུགས་མདུན། ༤།༢༠༢༢
བོད་འབྱོར།/RFA

དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། སྤྱི་ཚེས་༡༣་བར་དུ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་༡༨བར་འཕར་ཡོད་པ་དང་། ད་ལྟའི་སྐབས་ནད་པ་ཚང་མ་ལོགས་སུ་ཟུར་བཀག་གིས་སྨན་བཅོས་བྱེད་བཞིན་པ་དང་། དེ་དག་དང་འབྲེལ་འདྲིས་སུ་བྱུང་རྩད་གཅོད་བྱེད་བཞིན་ཡོད་འདུག གནས་སྟངས་དེའི་འོག་ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་གྱི་ལས་ཁུངས་དང་སློབ་གྲྭ་ཁག་གནས་སྐབས་ཉིན་གསུམ་རིང་སྒོ་རྒྱབ་ཡོད་འདུག
ཟི་ལིང་དུ་གནས་སྡོད་བོད་མི་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཉིན་འདི་ཚོར་བོད་མི་མང་པོ་འདུས་སྡོད་བྱ་ཡུལ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པའི་ནད་པའི་གྲངས་ཀ་འཕར་བཞིན་པ་བཤད་ནས་འདི་ཚེས་༡༣་ཉིན་ནས་ཉིན་གསུམ་རིང་གྲོང་ཁྱེར་ནང་གི་རླངས་འཁོར་དང་མི་སྣ་འགྲོ་བསྐྱོད་བཀག་འགོག་བྱེད་རྒྱུ་བསྒྲགས་ནས་ང་ཚོ་ཁྱིམ་དུ་འཛུལ་བསྡད་ཡོད། ས་གནས་ཀྱི་གསར་འགྱུར་ནང་ཟི་ལིང་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་འབྱུང་ཁུངས་གཅིག་ནི་རྒྱ་ནག་ཧྲང་ཧེ་ནས་ཡོང་བའི་མི་ཞིག་ནས་བྱུང་བ་ཡིན་པ་བཤད་ཀྱི་འདུག་པས། རྒྱ་ནག་ནང་ཁུལ་ནས་བོད་ནང་ཡོང་མཁན་ཚོ་བཀག་འགོག་མ་བྱས་ན་ཉེན་ཁ་ཆེན་པ་མཐོང་གི་འདུག་ཅེས་ངོ་སྤྲོད་གནང་བྱུང་།
མཚོ་སྔོན་ཟི་ལིང་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག མཚོ་སྔོན་ཕྱོགས་ཀྱི་བོད་མི་འདུས་སྡོད་ས་ཁུལ་གང་སའི་ནང་བོད་མི་ཚོས་ཡར་མར་འགྲོ་བསྐྱོད་ཉུང་དུ་བཏང་ནས་ཧ་ཅང་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཡུལ་ཤུལ་དུ་མཚོན་ན། ཟི་ལིང་ནས་ཏོག་དབྱིབས་ནད་ཡམས་འགོས་མཁན་དང་འབྲེལ་འདྲིས་བྱུང་བའི་མི་གཉིས་ཡུལ་ཤུལ་དུ་སླེབས་ཡོད་པའི་གནས་ཚུལ་བསྒྲགས་རྗེས་ས་གནས་ཡུལ་མི་ཚོས་ཧ་ཅང་སྐྲག་སྣང་བྱས་ཡོད་པ་དང་། རྗེས་སུ་མི་དེ་གཉིས་ལ་རིམས་ནད་འགོས་མེད་པའི་གནས་ཚུལ་བསྒྲགས་པ་ཡང་བྱུང་ཡོད་འདུག ད་ལྟའི་ཆར་ཡུལ་ཤུལ་ཁུལ་ཐོག་གཙོས་པའི་ཉེ་འཁོར་གྱི་གྲོང་གསེབ་ས་ཁུལ་གང་སའི་ནང་བོད་མི་ཡར་མར་འགྲོ་བསྐྱོད་ཧ་ཅང་ཉུང་བ་དང་། ལྷག་པར་དུ་རྒན་གསོ་ཁང་ཁག་གི་ནང་སྡོད་མཁན་རྒན་པ་རྣམས་ལ་རེ་རེ་བཞིན་ཏོག་དབྱིབས་ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་དང་། དེ་བཞིན་ས་གནས་མང་ཚོགས་ལ་སོ་སོའི་ལག་འཁྱེར་ཁ་པར་ནང་ཏོག་དབྱིབས་ནད་ཡམས་འགོས་མཁན་དང་འབྲེལ་འདྲིས་བྱུང་ཡོད་མེད་ཀྱི་གནས་ཚུལ་མྱུར་དུ་རྟོགས་ཆེད་ས་གནས་གཞུང་གིས་མཁོ་སྤྲོད་བྱས་པའི་བརྟག་དཔྱད་མཉེན་ཆས་ཕབ་ལེན་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་འདུག བརྟག་དཔྱད་མ་ལག་དེ་ལག་འཁྱེར་ཁ་པར་ནང་ཕབ་ལེན་རྗེས་སུ་དེའི་ནང་སོ་སོའི་གནས་ཚུལ་དེབ་སྐྱེལ་དགོས་པ་དང་། དེ་ནས་ཉིན་རེ་བཞིན་རང་ཉིད་ནད་ཡམས་འགོས་མཁན་དང་འབྲེལ་འདྲིས་བྱུང་ཡོད་མེད། ཡང་ན་བདེ་འཇགས་སུ་གནས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་ཚུལ་བཤད་འདུག

གསར་འགོད་པ། གུ་རུ་ཆོས་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།